ལྷ་སའི་འཇིག་རྟེན་ཆུང་ཆུང་། (གཞན་གཅིག)

ཀྲང་ཧའེ་ལུང་གིས་བརྩམས། རྡོ་རྗེ་ཚེ་རིང་གིས་བསྒྱུར།(གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


        ཡོད་ཚད་ལྷ་སར་ཞོགས་ཀྱིན་འདུག འོན་ཀྱང་སུ་ཡང་ལྷ་སར་ཐོན་ཐུབ་ཀྱིན་མི་འདུག
        ཆུ་རྒྱུན་ལྟར་བཞུར་འོང་བའི་མི་ཚོགས་ལྷ་སའི་མེ་འཁོར་ས་ཚིགས་སུ་ཐོན་རྗེས། ཆར་ཆུ་གཙང་བོར་བབས་པ་ནང་བཞིན་ལྷ་སའི་སྲང་ལམ་རེ་རེ་ནས་རིམ་གྱིས་ཡལ།
        ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ལྷ་ས་ནི་ང་ཚོ་མི་དཀྱུས་མ་ཞིག་གི་དྲན་ཚུལ་ལས་བརྒལ་བའི་ས་ཆ་ཞིག་རེད། འདི་རུ་ལྷ་སྒྲུང་གང་སར་ཁྱབ་པས་མི་ཚད། འཇིག་རྟེན་འཚོ་བའི་སྤྲོ་དགའ་དེའང་ཧ་ཅང་མོད་པོ་མོད་པོ་ཞིག་ཡོད་པ་རེད། ཁྱེད་ཀྱི་སེམས་ལ་མཚར་སྣང་ཇི་འདྲ་ཞིག་སྐྱེས་ཀྱང་ཆོག་མོད། ཚ་བ་ཤིན་ཏུ་ཆེ་བའི་ཉིན་ཞིག་ལ་ཁྱེད་ཀྱིས་ར་སློག་ཕྱིར་སློག་སྟེ་གྱོན་ནས་སོང་རུང་། ལྷ་སའི་སྲང་བར་ནས་ཁྱེད་ལ་ཁ་ཡ་བྱེད་མཁན་ཉུང་ཉུང་ཡིན་ལས་ཆེ། ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་མགྲོན་པོ་དག་གནས་འདི་རུ་འཛོམས་ཏེ་ཁ་བརྡ་སྣ་ཚོགས་བྱེད་ཀྱིན་ཡོད་ལ། ནམ་ཡང་མི་ཁ་ཤས་ཤིག་ད་སོ་མ་གནས་འདིར་འབྱོར་ནས་ཡང་བསྐྱར་གནས་གཞན་ཞིག་ལ་འགྲོ་བར་སྟ་གོན་བྱེད་བཞིན་མཆིས། ད་དུང་མི་ཁ་ཤས་ཤིག་ནམ་ཡང་ང་ཚོ་དང་འདྲ་བར་གནས་འདིར་འབྱོར་མ་ཐག མཚར་སྣང་རུམ་གང་ཉར་ནས་ལྷ་སའི་བར་སྐོར་དུ་འཁྱམ་ཉུལ་བྱེད་བཞིན་འདུག གནས་འདིའི་མི་དག་གི་ངོ་གདོང་ནས་སེམས་འཚུབ་ཀྱི་བཟོ་ལྟ་དེ་མཐོང་དཀའ་སྟེ། དེ་ནི་བོད་ལྗོངས་ཡུལ་སྐོར་དྲིལ་བསྒྲགས་ཡི་གེའི་སྟེང་བཤད་པ་ནང་བཞིན། གནས་འདི་རུ་མི་རེ་རེ་ཡི་གོམ་སྟབས་ཇེ་དལ་དང་དུས་ཚོད་ཀྱང་ཇེ་དལ་ཡིན་ལ། སུ་ལའང་མྱུར་བར་བསྒྲུབ་དགོས་པའི་དོན་དག་མེད་ལ་མྱུར་མོར་ཐུག་དགོས་པའི་མིའང་མེད་ཅེས་བརྗོད་པ་དང་གཉིས་སུ་མེད། ལྷ་སའི་བར་སྐོར་དུ། ཁྱོད་ཀྱང་དུས་ཚོད་ཀྱི་ཆུ་རྒྱུན་ལ་བསྲེས་ནས་ཆུ་སྣ་གར་ཁྲིད་ལྟར་གཡས་སྐོར་རྒྱག་བཞིན་ལོ་ཟླས་བརྩེགས་པའི་དྲན་པ་དེར་རེག་རེག་ཙམ་བྱ་དགོས། བར་སྐོར་གྱི་ནམ་མཁའ་རུ་དར་ལྕོག་རྣམས་བསིལ་རླུང་གི་རྒྱུ་བ་དང་བསྟུན་ནས་དལ་བུར་སྐྱོད་ཀྱིན་ཡོད་དེ། རླུང་གིས་སྒུལ་ཐེངས་རེར་མ་ཎི་ཡིག་དྲུག་ཚར་གཅིག་བཀླགས་པའི་དགེ་བ་ལྡན་ཟེར།
        བར་སྐོར་ནི་སྲང་ལམ་ཞིག་མིན་ལ། ལྷ་ས་ནི་གྲོང་ཁྱེར་ཞིག་དེ་བས་ཀྱང་མ་རེད།
        ལྷ་ས་རུ། མི་དང་དངོས་པོ་མཐའ་དག་ནང་སེམས་ནས་རིམ་གྱིས་གཏོས་ཆེ་རུ་སོང་ཏེ། མཐར་རང་རང་གི་གཟུགས་གཞི་ལས་ཆེ་བར་གྱུར་པས་མི་ཚད་ཕྱི་རུ་འཕྱོ་ནས་ཕུང་གསོག་རྒྱག་གིན་འདུག འདི་ནི་ནང་སེམས་ཀྱི་མཐོ་ཚད་དེ་ས་བབས་ཀྱི་མཐོ་ཚད་ལས་ལྡབ་འགྱུར་གྱིས་མཐོ་བའི་ས་ཆ་ཞིག་རེད། འདི་རུ་ཡོད་ཚད་ཧུར་ཐག་གིས་གྱེན་ལ་སྐྱེ་བཞིན་ཡོད་ལ། ནམ་མཁའ་ཡིས་ནམ་ཡང་མི་རྣམས་ལ་ཆུང་བར་སྣང་བའི་ངེས་ཤེས་ཤིག་སྩོལ་གྱིན་འདུག
        ལྷ་ས། དངོས་གནས་ལྐོག་གྱུར་གྱི་གནས་ཤིག་རེད། ལྷ་ས། ལྷ་མི་སྤྲོ་འཛོམས་བྱེད་སའི་གྲོང་ཁྱེར་ཞིག
        ངས་ཚིག་རྐང་འདི་འབྲི་དུས། གདོས་བཅས་ཤ་ཁྲག་གི་ལུས་བླངས་པའི་མི་འདི་དག་ཕལ་ཆེར་ཡིག་འབྲུ་ལས་གྲོལ་དཀའ་བའི་ལྐོག་གྱུར་ངོ་མ་དེ་རེད་བསམ་གྱིན་ཡོད། དེ་མིན་ཚེ་ཁོ་ཚོ་ཅིའི་ཕྱིར་འདི་ལྟ་བུ་ཞིག་ཡིན་པ་དང་ཅིའི་ཕྱིར་མི་གཞན་མ་ཡིན་པར་ཏག་ཏག་ཁོ་ཚོ་གྱེན་བརྡོལ་ངང་ཐོན་ཡོང་བའི་སྣང་ཚུལ་ལ་འགྲེལ་བཤད་བྱེད་ཁག་པོ་རེད།
        ཉིན་གུང་གི་དུས་སུ། བར་སྐོར་ལས་སྒྲུབ་ཁང་གི་བདེ་འཇགས་རུ་གཙོ་དབང་འདུས་ཀྱིས་གྲོད་པ་ལུག་ལུག་དེ་སྐྱོར་ཙམ་བྱས་ཏེ་དྲེགས་ཉམས་དང་བཅས། བར་སྐོར་ནི་བོད་ལྗོངས་ཀྱི་ལྟེ་བ་རེད། ཁྱོས་བལྟས་ན་ང་ཚོའི་ལས་འགན་ལྕིའམ་ཞེས་བཤད།
        ང་རང་ཁོ་དང་མཉམ་དུ་བར་སྐོར་ལ་ཉེན་ཟོན་སྐོར་གཡེང་ཐེངས་ཤིག་བྱས་པ་ཡིན། བདེ་འཇགས་ཧ་ཅང་བཟང་རྐྱེན་ཕལ་ཆེར་བསྒྲུབ་དགོས་པའི་ལས་དོན་ཅི་ཡང་མི་འདུག བར་སྐོར་སྲང་ལམ་ན་ཐོག་ཁང་སེར་པོ་ཞིག་ཡོད་པ་ནི་མིང་དུ་གྲགས་པའི་མ་སྐྱེས་ཨ་མ་བོད་ཟས་ཁང་རེད། མི་སུ་ཡིན་ཡང་ངག་རྒྱུན་མཚར་པོ་དེར་སྤྲོ་བ་ཆེན་པོ་ཡོད་པ་དང་། ངག་རྒྱུན་དེ་བརྒྱུད་ནས་རང་རང་གི་བསམ་ཚུལ་ལྟར་འཇིག་རྟེན་ཆུང་ཆུང་ཞིག་པར་ཁ་འདེབ་ཀྱིན་འདུག མ་སྐྱེས་ཨ་མའི་ཟ་ཁང་དུ་བོད་ཤོག་ལས་བཟོས་པའི་ལག་དེབ་མགོ་བཙེམས་མ་རེ་འགའ་ཡོད་པའི་སྟེང་དུ། ག་ས་གང་ནས་ཕེབས་པའི་མགྲོན་པོ་དག་གིས་ལ་བཤད་ལུང་བཤད་མང་པོ་བྱས་དང་བྱེད་ཀྱིན་ཡོད་ལ། ད་རུང་མི་མང་པོ་ཞིག་གིས་བག་ཡངས་ངང་འཕྲིན་ཐུང་རེ་སྐུར་གྱིན་འདུག ཡང་ལ་ལས་སྟོང་བསམ་རྡོག་རྡོག་ཅིག་ཀྱང་ལབ་ཀྱིན་འདུག ཏག་ཏག་སྐབས་འདི་ལ་ཅིའི་ཕྱིར་རང་ཉིད་མ་སྐྱེས་ཨ་མ་ཞེས་པའི་ཟ་ཁང་ཞིག་ཏུ་ཡོང་དགོས་པའི་རྒྱུ་མཚན་ཁོ་ཚོ་སུ་ཡིས་ཀྱང་ལབ་ཁག་པོ་ཡིན་པ་འདྲ།
        ང་ཅིའི་ཕྱིར་ལྷ་སར་ཡོང་བ་རེད།
        རང་རང་གི་ཡུལ་གྲུ་སོ་སོ་ནས་ལམ་ལ་ཆས་ཏེ། རང་ཉིད་ལྷ་ས་རུ་རྒྱང་ཕུད་བཏང་བའི་བོད་འཁྱམས་པ་མང་པོ་ཞིག་ལ་མཚོན་ནའང་མཚམས་རེར་རང་གིས་རང་ལ་འདི་ལྟ་བུའི་དྲི་བ་ཞིག་མི་འདོན་ཀ་མེད་རེད། ཆེས་སྤྱིར་བཏང་གི་སྐད་ཆ་ལྟར་བཤད་ན། ལ་ལ་ཞིག་བརྩེ་དུངས་ལ་ཆག་གྲུམ་ཤོར་བ་དང་ལ་ལ་ཞིག་ནང་ལོགས་སུ་ཐོབ་ཤོར་གྱི་བར་མཚམས་སུ་གཅར་བའི་སེམས་པ་གཉོམ་པོ་དེ་སྙོམས་སྒྲིག་བྱེད་མ་ཐུབ་པས་འདིར་ཐོན་པ་ཡིན་ལ། ཡང་ལ་ལ་ཞིག་གླེན་རྟགས་འདྲེས་མའི་ཕུགས་བསམ་སྐྱ་བོ་ཞིག་ཐོད་ལ་བཅིངས་ནས་ཐོན་པ་རེད། ཡང་ལ་ལ་ཞིག་རིག་པ་གྲིམ་པོ་དེའི་དབང་གིས་གནས་འདི་རུ་ཚོང་ལས་གཉེར་ཏེ་རྒྱུ་ནོར་རིག་པས་འཚོལ་གྱིན་ཡོད་པའང་སྨོས་མེད་རེད།
        པེ་ཅིང་ནས་ཡིན་པའི་ཧྥེ་ཆོན་དང་ཝའོ་ཧྭ་གཉིས་ནི་ལྕགས་ལམ་ལེགས་འགྲུབ་མ་བྱུང་བའི་སྔ་རོལ་ཏུ་ས་འདིར་ཡོང་ནས་མིང་ལ་ཕུན་ཚོགས་ཀུན་བཟང་ཞེས་པའི་མགྲོན་ཁང་ཞིག་གཉེར་འདུག
        མེ་འཁོར་ཤར་གཏོང་བྱས་རྗེས་མི་ཚོགས་ཆུ་ལྟར་བཞུར་ཡོང་བ་དང་ཚོང་རྒྱུགས་ཆེ་དུས་མགྲོན་ཁང་གི་ཀླད་ཧྲིལ་བོར་གུར་གྱིས་བཀང་ཡོད་པའང་ཉིན་གཅིག་ག་ལ་ཡིན། སོས་དལ་ནས་བསམ་བློ་རེ་བཏང་ཚེ་རང་ཉིད་ད་རུང་ལྷ་ས་རུ་ལོ་ག་ཚོད་ལ་འདུག་མིན་ཤེས་ཀྱིན་མེད་ལ། ཕྱིར་ནང་ལོགས་སུ་ཕྱིན་ཚེ་ས་ལོབ་ཆུ་ལོབ་ཏུ་འགྱུར་མིན་ཡང་བཤད་དཀའ་བའི་སྣང་བ་ཞིག་སྐྱེས་ཀྱིན་འདུག ཡིན་ཡང་ད་ལྟ་དེ་ཚོར་ཁ་ཡ་མི་བྱེད། ཝའོ་ཧྭ་ཉིན་ཁ་ཤས་འགོར་རྗེས་བལ་ཡུལ་དུ་ཡུལ་སྐོར་ལ་འགྲོ་རྩིས་ཡོད་ལ། ཧྥེ་ཆོན་གྱིས་མུ་མཐུད་དུ་ཡན་ལག་མགྲོན་ཁང་ཞིག་ཕྱེ་རྩིས་ཡོད་པ་རེད།
        ལྷ་ས་རུ་ཡུན་རིང་ཞིག་བསྡད་རྗེས། མི་རྣམས་བྱ་དངོས་གང་ཞིག་གི་ཐོབ་ཤོར་ལ་སེམས་ཁུར་ཡུན་རིང་མི་བྱེད་པར། ཅི་གདའ་དེ་རོལ་གྱི་གོམས་གཤིས་ཤིག་ཆགས་འདུག ཚང་མས་བཤད་ན་ལྷ་ས་ནི་ཞེ་མཐུན་ལམ་འཕྲད་འབྱུང་སའི་གནས་མཆོག་ཅིག་རེད་ཟེར། ཐེན་ཅིན་ནས་ཐོན་པའི་ཁྱོ་ཤུག་ཁ་བྲལ་བྱུང་བའི་གསར་བུ་དེ་ཡིས་ལྷ་ས་རུ“ཆ་མེད་དགའ་འཛོམས”ཞེས་པའི་ཟ་ཁང་ཞིག་གཉེར་ཡོད་ལ། དེ་ལས་ཆེས་བྲོ་བ་ལྡན་པའི་ཟས་ནི་ཕག་ཤ་དམར་བསྲེགས་དེ་ཚོད་དཀར་དང་མཉམ་བཙོ་བྱས་པ་དེ་ཡིན་ལ། དེ་ནི་སྟོན་རླུང་གིས་བསྒུལ་བའི་ཟིལ་པ་དཀར་བོ་ཞིག་དང་འདྲ་བར་དངོས་གནས་མཐོ་སྒང་གི་ཁྱད་ཆོས་ལྡན་པ་ཞིག་རེད། ལྷ་ས་རུ་ལོ་ག་ཚོད་ལ་འདུག་རྒྱུའི་ཐད་ལ་ཁོ་རང་གིས་ཀྱང་བསམ་བློ་བཏང་མ་མྱོང་མོད། ཕལ་ཆེར་སུན་སྣང་སྐྱེས་པའི་བར་དུ་འདུག་རྒྱུ་ཟེར།
        མི་ཡོད་ཚད་རླུང་གིས་འཁུར་ཡོང་བའི་བྱེ་མ་ཞིག་དང་འདྲ། ཨར་ཁང་གཉེར་བཞིན་པའི་ལའོ་ཐའོ་ནི་ཀྲིན་ཀྲིག་ནས་ཡོང་བ་དང་སྣེ་ཤན་པ་ཐཱང་ལེ་ཡི་ཕ་ཡུལ་ཝའོ་ཧན་ཡིན་ལ། སྲས་མོ་འཁྱམས་ཉུལ་པ་དེ་ཁཱ་ན་ཏ་ཡི་རེད། གནས་འདི་རུ་འདི་ལྟར་ཕར་འགྲོ་ཚུར་ཡོང་བྱེད་བཞིན་པའི་མི་ཚོགས་དེ་ནམ་ཡང་ཆད་མ་མྱོང་། རྒྱུན་སྡོད་མི་གྲངས་འབུམ་གཉིས་ལས་མེད་པའི་ལྷ་ས་རུ། མི་ལ་ལ་ཞིག་ཉིན་རེར་ཐེངས་ཁ་ཤས་ལ་འཕྲད་ཡོང་བས། མི་སུ་ཡིན་རུང་ངོ་ཤེས་དང་གྲོགས་པོ་མང་བོ་ཞིག་རྙེད་སྲིད་ལ། ཁྱེད་ཀྱིས་སྐད་ཅིག་མའི་ཕྲད་ཕྲད་དེ་ལ་དོ་སྣང་མི་བྱེད་པར་ལྟག་རྒྱབ་ཏུ་གཡུག་ཀྱང་ཆོག
        ཁོ་ཚོར་མཚོན་ན། ལྷ་ས་ནི་སྐྱེལ་བསུ་ཡི་འཚང་ཁ་རྒོད་པའི་གྲོང་ཁྱེར་ཞིག་ཡིན་ལ། ཁོ་ཚོས་མིག་མཐོང་རྣ་ཐོས་བྱུང་བའི་གཏམ་རྒྱུད་མང་བོ་ཞིག་ལ་རོལ་མྱོང་བྱས་རྗེས། ཐོབ་ཤོར་ལ་གཞོལ་བའི་སེམས་པ་དེའང་རིམ་གྱིས་ལྷོད་ཡོང་གི་རེད།
        དེ་སྔོན་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མེ་དཔུང་སྦར་མཁན་ན་ཆུང་བུ་མོ་ཟླ་བ་གཡང་འཛོམས་ད་ལྟ་ཨ་མ་ཞིག་གི་མཚན་ཉིད་ཐོབ་ཡོད་ནའང་། མཚན་སྙན་གྱི་བལ་སྐུད་གོ་ལའི་ཁྱོན་དུ་གཡོ་བའི་ལོ་ཟླ་ཐུང་ངུ་དེ་ལ་གཏན་ནས་སེམས་འཁྲེང་གིན་མེད་ལ། དེ་ནི་གནའ་བོའི་གཏམ་རྒྱུད་ཅིག་ཡིན་པས་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་མཐའ་མར་རང་ཉིད་ལྷ་སའི་རྒྱུན་ལྡན་གྱི་འཚོ་བ་དངོས་ལ་འཐིམས་འདུག ལྷ་ས་རུ་འཇིམ་བརྐོས་འདྲ་གཟུགས་གཉིས་ཡོད་དེ། གཅིག་ནི་མི་དམངས་སྨན་ཁང་དུ་ཡོད་པའི་ལྷ་རྗེ་པའེ་ཆི་ཨན་ཡིན་ལ། གཞན་དེ་ནི་དཔལ་འབར་དགུང་ལ་འཕྱར་བའི་ཁོ་མོ་རེད།
        མོའི་འདྲ་གཟུགས་དེ་ཡ་གླིང་ལུས་རྩལ་འགྲན་ཚོགས་འཚོགས་ནས་ལོ་ངོ་དྲུག་ལྷག་འདས་རྗེས་གསར་དུ་བཞེངས་པ་རེད། སྐབས་འདིར་ང་དང་ཟླ་བ་གཡང་འཛོམས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ར་བའི་སྤང་ཐང་དུ་ཙོག་ནས་བསྡད་ཡོད་ལ། གྲོག་མ་ཞིག་སེམས་ཆུང་ངང་མོའི་མགོ་ལ་འཛེག་གིན་འདུག དེ་ནི་གྲོག་མ་ཞིག་གི་འཇིག་རྟེན་ཧྲིལ་བོ་ཡིན་ལ། ཁོ་འཇིག་རྟེན་དེའི་མཐའ་རུ་ནམ་ཡང་བགྲོད་མི་ཐུབ་པའི་སྣང་བ་ཞིག་སྦྱིན་འོང་། ཟླ་བ་གཡང་འཛོམས་ལ་མཚོན་ནའང་དེ་དང་འདྲ་བར། ལྷ་ས་བསྐྱུར་ནས་རྒྱུས་མེད་ཀྱི་ཡུལ་གཞན་ཞིག་བསྙེགས་ཏེ་འགྲོ་འདོད་མེད། མོས་བཤད་རྒྱུར། མི་སུ་ཡིན་རུང་རང་རང་གི་འཇིག་རྟེན་ཆུང་ཆུང་དེ་ལས་ཕྱིར་འགྲོ་མི་ཐུབ་པ་རེད་ཟེར།
        ལྟ་ཚུལ་འདི་ནི་ལྷ་ས་གྲོང་ཁྱེར་ན་ཡོད་པའི་མི་དག་ལ་མཚོན་ན་ཕལ་ཆེར་རྒྱུན་ལྡན་ཞིག་རེད།
        ཡིན་ཡང་། མཐོ་སྒང་གི་ཕ་རོལ་ན་ཡོད་པའི་མི་ཚོགས་དག་ད་དུང་ཅི་ཞིག་གི་དོན་དུ་འདུར་རྒྱུག་བྱེད་ཀྱིན་འདུག

        《ཀྲུང་གོའི་དཔལ་ཡོན་སྣེ་འདྲེན་ཚགས་པར》འདོན་ཐེངས་དང་པོ༢༠༡༥ལོའི་ཟླ༨པའི་ཚེས༦ཉིན་གྱི་པར་ངོས་ལས་བདམས་ཏེ་བསྒྱུར།


ངས་སྔོན་ཆད་མི་ཞིག་ངོ་ཤེས།
རྐང་ཚའི་སྙིང་ལྕགས་རྒྱལ། (ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ)


        སྣང་བ་མཐོ་ཞིང་ཁ་ཕོ་ཆེ་བའི་གཞོན་ནུའི་དུས་སུ། ང་མི་ཞིག་དང་འཕྲད་ནས་ངེད་གཉིས་ངོ་ཤེས་སུ་གྱུར། ཚོགས་འདུ་ཚོགས་ཐེངས་རེར། མི་ཚང་མས་གནད་དོན་ཞིག་ལ་རང་རང་གི་ལྟ་ཕྱོགས་རེ་དང་དྲན་ཚུལ་རེ་བརྗོད་སྲིད་ལ། ཐ་ན་ཚིག་གི་མདའ་མོ་ཕར་འཕེན་ཚུར་འཕེན་བྱས་ཏེ་སྙིང་རླུང་སྟོད་ལ་འཚང་བའི་སྣང་ཚུལ་ཀྱང་འབྱུང་གིན་འདུག ཡིན་ཡང་མི་དེ་ནམ་རྒྱུན་ཁ་ཅི་ཡང་མི་གྲགས་པར་གདོང་ལ་འཛུམ་གྱིས་ཁེངས་ཏེ་འདུག་པ་རེད། མཐར་མི་རེ་རེ་ཡིས་བསམ་ཚུལ་རེ་ངེས་པར་བརྗོད་དགོས་ཚེ། ཁོས་གཞན་གྱི་བསམ་འཆར་དག་གི་དགེ་མཚན་ལ་བསྔགས་བརྗོད་རེ་བྱས་རྗེས་གུས་ཞབས་དང་བཅས། ཚང་མས་བལྟས་ན་འདི་ལྟར་བྱས་ཚེ་ག་འདྲ་རེད། འདི་ནི་བློ་དམན་ངའི་བསམ་ཚུལ་ཙམ་ཡིན་སོགས་སྐད་ཆ་འཇམ་པོ་རེ་བརྗོད་པ་ཡིན། སྤྱིར་ན་ཁོ་ནི་སྡེ་ཁག་ཅིག་གི་འགོ་གཙོ་ཡིན་ལ། དངོས་གནས་རང་གི་བརྩོན་ལེན་བརྒྱུད་སློབ་ཆེན་མིང་གྲགས་ཅན་དུ་སློབ་མཐར་ཕྱིན་པའི་རབ་འབྱམས་པ་ཞིག་ཀྱང་ཡིན་པས། ཁོ་རང་འདི་ལྟར་ཞི་དུལ་ངང་སྡོད་དགོས་དོན་ཅི་ཡང་མེད།
        སྐབས་དེ་ཡི་ང་ནི་རང་ཤེད་ཚ་པོ་དང་རང་ཆེ་རང་མཐོ། རང་སྣང་དོད་པོ་ཡོད་མཁན་ཞིག་ཡིན་ལ། མིག་ལ་མི་རན་པའི་མི་ཞིག་དང་གནད་དོན་དག་རང་གར་བསྐྱུར་མི་འདོད་མཁན་ཞིག་ཡིན་པས། ནམ་རྒྱུན་ཁ་ལ་སྒོ་མོ་མེད་པ་ཇི་བཞིན་གཞན་གྱི་སྐྱོན་སྔོག་གང་ཐུབ་དང་མཚང་འབྲུ་ཅི་ཐུབ་བྱས་རྗེས། ཡིད་ཚིམ་པའི་སྣང་བ་དེ་སྐྱོར་ནས་འདུག་མཁན་ཞིག་ཡིན། དེ་ནས་བཟུང་ངས་ཁོའི་སྐྱོན་ཡོན་གང་ཡང་མི་བརྗོད་པའི་སྐྱོན་ཆ་དེ་མཐོང་བྱུང་ལ། སེམས་སུ་ཁོ་ནི་སྤྱང་གྲུང་བསྟུན་མཁས་ཅན་ཞིག་དང་ཀུན་མཐུན་ཞིག་རེད་ཅེས་འཁང་ཚིག་རེ་ལབ་པ་ཡིན། ལྷག་པར་ལས་ཀའི་ཞོར་དང་ལས་གྲོགས་ལྷན་འཛོམས་བྱེད་པའི་དུས་སུ། ཚང་མས་དགའ་ཕྱོགས་དང་མོས་ཕྱོགས་གླེང་བཞིན་མི་ཆེ་གེ་མོ་ཞིག་གི་འདས་མ་ད་གསུམ་དང་དོན་དག་ག་གེ་མོ་ཞིག་གི་མགོ་མཇུག་བར་གསུམ་ལ་དཔྱད་པ་མང་བོ་གཏོང་དུས། ཁོ་ནི་ཁ་ཅི་ཡང་མི་གྲགས་པར་འདུག་པ་མིན་ཚེ་མགོ་བོ་སྨད་དེ་དཔེ་ཀློག་བྱེད་པ་རེད། རྗེས་སུ་ངས་དཔེ་ཆ་ཞིག་བཀླགས་ཏེ་གློ་བུར་སེམས་ཀྱི་མ་ཤེས་པ་དེ་སེལ་བ་མིན་ཚེ་དུས་དེར་ཚང་མས་ཁོ་ནི་མི་རང་མཐོང་ཆེ་ལ་ཁེར་འགྲོར་མོས་མཁན་ཞིག་རེད་བསམ་གྱིན་འདུག དེ་ནི“གཞན་སྐྱོན་སྨྲ་བར་སྤྲོ་བའི་མི།། དེ་བཞིན་རང་ཡང་སྐྱོན་ཅན་ཉིད།།”ཅེས་པ་དེ་རེད། རེད་ལགས། ང་ཚོ་ནི་སྦྲང་ནག་ཁྱུ་ཞིག་དང་འདྲ་བར་དྲི་ཆེན་ཕུང་བོ་དེར་རུབ་སྟེ་འཚང་ག་ཤིག་ཤིག་བྱེད་ཀྱིན་ཡོད་ནའང་དེ་ཡི་དྲི་མ་གཏན་ནས་ཚོར་གྱིན་མི་འདུག་པ་དང་ཀུན་ནས་མཚུངས། བསམས་ཤིང་བསམ་ན། སྔོན་ཆད་རང་ཉིད་ཚིག་གང་སྔ་རྩོད་རྒྱུ་དང་ཁ་གཟེར་པོ་བྱ་རྒྱུར་སྤྲོ་བོ་ཡོད་པས། མི་ག་ཚོད་ཅིག་གི་སེམས་ལ་གནོད་འགྲོ་བ་དང་ཁ་སྡིག་ག་འདྲ་ཞིག་བསགས་ཡོད་པའི་ཐད་ལ་བསམ་བློ་གཏན་ནས་བཏང་མ་མྱོང་།
        ང་ཚོའི་ཉེ་འགྲམ་གྱི་མི་སུ་ཞིག་ཡིན་རུང་། ཡོད་ཚད་སྟབས་བདེ་ཡི་རྩུབ་སྤྱོད་དེ་ཚད་མར་འཛིན་པའི་ནོར་འཕྱུག་གི་དོང་རིང་ལ་ལྟུང་ཉེན་ཆེ་སྟེ། མི་ཞིག་དང་དོན་དག་ཅིག་ལ་དཔྱད་པ་གཏོང་དུས་ཡོད་ཚད་རང་ཉིད་ཀྱི་བསམ་པའི་འཁྱེར་སོ་དེ་ནས་འགོ་རྩོམ་པ་དང་། གཞན་གྱིས་ཕོག་ཐུག་བཟོས་རྗེས་ཁུ་ཚུར་ལན་དུ་ཁུ་ཚུར་བསྣུན་ཚེ་ད་གཟོད་རང་ཉིད་ནི་རང་ཉིད་དངོས་དེ་ཡིན་པ་བདེན་དཔང་བྱེད་ཐུབ་པའི་སྣང་བ་ཞིག་སྐྱེས་ཀྱིན་འདུག ཁ་མཆུ་ནི་ཁ་མང་བ་ལས་བྱུང་བ་ཡིན་པ་སུ་ལའང་གསལ་ཆ་ཡོད་ནའང་། ང་ཚོས་ནམ་ཡང་རང་གི་ཁ་ལ་བདག་པོ་གཏན་ནས་བྱ་ཐུབ་ཀྱིན་མི་འདུག འདི་ཡོད་ཚད་ཀྱི་རྒྱབ་རོལ་ན་ང་ཞེས་པའི་རང་ཆེ་རང་མཐོའི་སྣང་བ་ཞིག་གིས་དཀྲུགས་ཤིང་འཕེན་བཞིན་ཡོད་པ་མ་ཡིན་ནམ། དེ་ནི་ང་ཚོས་ནམ་རྒྱུན་ང་ཞེས་པ་དེ་ཡི་ཚོར་བ་ལ་དོ་སྣང་བྱས་དྲགས་པས། ངང་ངམ་ཤུགས་ཀྱིས་ང་ནི་འཇིག་རྟེན་གྱི་དཀར་ནག་དང་དགེ་སྡིག་གི་ཚད་འཇལ་བའི་ཐིག་ཤིང་གཅིག་པུ་རུ་གྱུར་འདུག་པས་རེད། དེ་བས་ང་ཚོ་ཀུན་མཐུན་གྱི་གོ་གནས་དེ་རུ་གཡོ་འགུལ་བྱ་བཞིན་ཡོད་པས་གཉིས་ཕན་གྱི་འདུ་ཤེས་ཤིག་རྒྱུད་ལ་འཁྱིལ་གྱིན་མེད་ལ་གཞན་ངོས་ནས་བསམ་བློ་རེ་གཏོང་རྒྱུ་དང་གཞན་སྐྱོན་རང་ལེན་བྱ་རྒྱུ་ནི་དེ་བས་ཀྱང་ཉིན་མོའི་སྐར་མ་ལ་འགྲན་པ་མ་ཡིན་ནམ། ཐ་ན་གཞན་ངོས་ནས་ལངས་ཏེ་ཕ་རོལ་བ་དེ་རྒྱུ་རྐྱེན་གང་ཞིག་དང་གནས་བབ་ག་འདྲ་ཞིག་གི་འོག་ཏུ་རང་ཉིད་དང་ཐ་དད་པའི་ལྟ་ཚུལ་རེ་མཆིས་པ་ལའང་རྒྱུས་ལོན་གཏན་ནས་མི་བྱེད་པ་རེད།
        དཔེ་ཆ་ཞིག་ལས་ངས་འདི་ལྟ་བུའི་ཚིག་འགའ་བཀླགས་མྱོང་སྟེ། ང་ཚོ་རྩོད་གླེང་དང་འཕྲད་ནས་ཁོང་ཁྲོ་ཡི་མེ་ལྕེ་དགུང་ལ་འཕྱུར་བ་དང་། གཞན་ལ་ཚིག་རྩུབ་ཀྱིས་ཕོག་ཐུག་མ་བཟོས་གོང་ལ། ཁྱེད་ཀྱིས་རང་ཉིད་ནི་འཇམ་ཞིང་གོར་བའི་གྲམ་ཧྲུག་ཅིག་ཏུ་ངོས་འཛིན་བྱས་ཏེ། ཆུ་མོའི་བཞུར་རྒྱུན་དང་འགྲོགས་ནས་ཆུའི་གཏིང་རོལ་ལ་སྙིགས་དང་། དེ་རུ་ཁོང་ཁྲོ་མེད་ལ་རྩོད་གཞི་མེད་པ་དང་མྱི་ཁར་ལྷུང་རྒྱུ་དེ་བས་ཀྱང་མེད་པར། མཐའ་འཁོར་གྱི་ཁོར་ཡུག་དང་ཞི་མཐུན་ངང་མཉམ་གནས་བྱུང་སྟེ་སྔར་མེད་ཀྱི་བདེ་སྣང་ཞིག་ལ་རོལ་མྱོང་བྱ་ཐུབ་པ་རེད། ཡང་གལ་ཏེ་ང་ཚོ་ཤེས་མེད་ཚོར་མེད་ངང་ཁ་མཆུ་ཡི་འཚུབ་མའི་ཁྲོད་ཚུད་པ་ཡིན་ཚེ། ཧུར་སྐྱེད་ཀྱིས་རང་ཉིད་ཤོག་པ་གང་ལའང་མི་ཁེན་པའི་སྐུལ་མ་བྱ་དགོས་ལ། རབ་ཡིན་ན་རང་ཉིད་ཁ་མཆུ་དེ་དང་བར་ཐག་ངེས་ཅན་ཞིག་བཟུང་སྟེ་ངག་གི་སྒོ་མོ་དམ་སེ་བརྒྱབ་ན་འོས་པ་རེད། སྐབས་འདིར་སླེབས་པ་ན་ངས་ད་གཟོད་མི་དེ་ཡིས་ངས་དེ་རིང་ཐོག་མར་ཤེས་ཀྱིན་པའི་གནས་ལུགས་ཡོད་ཚད་སྔ་མོ་ཞིག་ནས་རྟོགས་འདུག་པ་ཚོར།
        དེ་ནི་དངོས་གནས་ངོ་གནོང་དགོས་པ་ཞིག་རེད། སྐབས་དེར་རང་ཉིད་ཀྱི་སེམས་པ་དེ་ནི་ཇི་འདྲའི་ནག་ནོག་ཅིག་རེད་ཨང་། ཁེངས་སྐྱུང་ཐོད་ལ་བཅངས་ཏེ་བཟོད་སྒོམ་ཁོག་ཡངས་ཅན་ཞིག་བྱ་རྒྱུ་དེ་ནི་རང་ལ་གཞུག་ལམ་ཡག་པོ་ཞིག་འདིང་རྒྱུ་དང་རྗེས་སུ་གཞན་གྱིས་འཕྱ་སྨོད་བྱེད་པའི་རྒྱུ་རུ་མི་འགྱུར་བའི་ཆེད་ཡིན་པ་དེ་བས་ཤེས་ཚོར་མ་བྱུང་། ཡིན་ཡང་། དགའ་འོས་པ་ཞིག་ནི་སྐབས་དེའི་ཁོའི་ཞི་དུལ་གྱི་ངང་རྒྱུད་དེ་ནི་མེ་ལོང་ཞིག་དང་འདྲ་བར། ད་ལྟ་ད་རུང་ངའི་ལུས་སྟེང་ན་ས་རྡུལ་ལྟར་གང་སར་མཆེད་པའི་ཁ་དྲག་དབང་བཙན་གྱི་དཀྲོག་གཏམ་རྒྱུན་མི་ཆད་པའི་རང་ཉིད་ལྷང་ངེར་ཕྱུང་བ་ན། དུས་ནམ་ཡང་རང་གི་ཁ་ལ་བདག་པོ་བྱ་རྒྱུ་དེ་ནི་རང་གཅུན་བློ་སྦྱོང་ཐོབ་པའི་མི་ངོ་མ་ཞིག་གི་རང་རྟགས་ཡིན་པར་མ་ཟད་ནམ་ཡང་གཞན་ལ་སྣང་བ་དྲོན་མོ་ཞིག་དང་ཡིད་ཆེས་གཙང་མ་ཞིག་སྦྱིན་པའི་མི་དེ་རེད།

རྒྱ་ཡིག་གི《མཐོང་རྒྱ》ཞེས་པའི༢༠༡༥ལོའི་དུས་དེབ་བདུན་པ་ལས་བདམས་ཏེ་བསྒྱུར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1