མཚོ་སྔོན་ཚད་མ་རིག་པའི་བགྲོ་གླེང་དང་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་སྒོ་འབྱེད་མཛད་སྒོ་ཟི་ལིང་དུ་སྤེལ།

རྡོ་ཐར། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན། སྤེལ་དུས། 12-18


        སྤྱི་ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་སྒོ་འབྱེད་མཛད་སྒོ་ཟི་ལིང་གྲོང་ཁྱེར་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་འཚོགས་ཡོད་པ་རེད། 
        མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་ཞིང་ཆེན་གྱི་དགོན་སྡེ་ཆེ་གྲས་ཁག་གི་དགེ་བའི་བཤེས་གཉེན་དང་གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་ཁྱོན་བསྡོམས་མི་གྲངས་40ལྷག་ཐེངས་འདིའི་མཛད་སྒོར་ཞུགས་ཡོད་པ་རེད། 
ཚོགས་རའི་ཡུལ་དངོས། 
        བགྲོ་གླེང་ཚོགས་འདུའི་ཐོག ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་གཙོ་སྒར་བ་ངག་དབང་བཟང་པོ་མཆོག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མི་རིགས་ཆོས་ལུགས་སྲིད་ཇུས་དང་སྲོལ་རྒྱུན་རིག་གནས་ཀྱི་སྲིད་ཇུས་ཉི་འོད་བཞིན་ཕྱོགས་དང་ཕྱོགས་མཚམས་ཀུན་ལ་རིས་མེད་དུ་འཕྲོས་པས། ང་ཚོས་ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལ། ཚད་རིག་དཔེ་རྙིང་བསྡུ་སྒྲིག་དང་ཚད་རིག་རིག་གཞུང་དཔྱད་གླེང་། ཚད་རིག་མི་སྣ་གསོ་སྐྱོང་དང་ཚད་རིག་སློབ་དེབ་སྒྲིག་སྒྱུར། ཚད་རིག་དང་ཚད་རིག་ཞིབ་བསྡུར། ཚད་རིག་དུས་དེབ་འགྲེམ་སྤེལ་དང་ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས། ཚད་མ་རིག་པ་འདི་ཉིད་རྒྱལ་ཡོངས་ཀྱི་ཞིབ་འཇུག་སྡེ་ཁག་སོ་སོ་དང་སློབ་གྲྭ་ཆེན་མོ་ཁག་སོ་སོ། དེ་བཞིན་བོད་ཁུལ་གྱི་སློབ་ཆེན་དང་སློབ་འབྲིང་ཁག་སོ་སོར་དར་སྤེལ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
དྲ་ཚིགས་སྒོ་དབྱེ། 
མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བ། དྲ་གནས། http://www.tbtlogic.cn/
        བགྲོ་གླེང་ཚོགས་འདུ་དང་བསྟུན་ནས་སྒོ་འབྱེད་མཛད་པའི་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བ་ནི་གསར་འགྱུར་དང་ལོ་རྒྱུས། མི་སྣ། དགོན་སྡེ། ཞིབ་འཇུག ཡིག་སྒྱུར། དཔེ་ཁྲིད་སོགས་འདུས་པའི་སྣ་འཛོམས་དྲ་བ་ཞིག་དང་། དེ་ལས་རྒྱ་ཆེའི་ཚད་མ་རིག་པར་སྤྲོ་བ་ཡོད་མཁན་རྣམ་ལ་དེང་རབས་ཚན་རིག་གི་ལག་རྩལ་སྤྱད་དེ་ཚད་མ་རིག་པ་དང་འབྲེལ་བའི་ཤེས་བྱ་ཁག་མཁོ་སྤྲོད་བྱེད་ས་ཞིག་ཡིན་པ་མ་ཟད། བོད་ཀྱི་ཚད་མ་རིག་པ་འདི་ཉིད་དུས་རབས་ཀྱི་འགྲོས་དང་བསྟུན་ནས་དེང་རབས་ཆ་འཕྲིན་གྱི་ཐབས་ལམ་ནས་ཕྱི་ཕྱོགས་སུ་བརྒྱུད་སྤེལ་བྱེད་པའི་གོམས་སྟབས་གསར་པ་ཞིག་ཀྱང་ཡིན།
        སྤྱིར་ཚད་མའི་དོན་ནི་སླ་བ་མེད་པའང་མི་བསླུ་བ་སྟེ་རང་གིས་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ཟེར་ཞིང་། དེ་ཡང་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང་། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན། བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་ཡང་བསམ་བློ་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན།།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1