ལྷ་སའི་རིག་གནས་གསར་གཏོད་ཐོན་རྫས་ཀྱིས་པེ་ཅིང་གྲོང་མིའི་མིག་དབང་འཕྲོག

རྩོམ་སྒྲིག་པ།ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 12-22


        ཟླ་12པའི་ཚེས་14ནས་17ཉིན་བར། “2017ལོའི་པེ་ཅིང་གྲོང་ཁྱེར་གྱི་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་”དེ་ཀྲུང་གོའི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་བདེ་བླག་ངང་གཉེར། བོད་ལྗོངས་དང་ཞིན་ཅང་། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་11དང་ས་ཁུལ་22ཀྱི་ཁེ་ལས་320འགྲེམས་སྟོན་དུ་ཞུགས་ནས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་1000ལྷག་འགྲེམས་ཚོང་བྱས། དེའི་ནང་ལྷ་སའི་རིག་གནས་གསར་གཏོད་ཐོན་རྫས་ཀྱིས་པེ་ཅིང་གྲོང་མིའི་མིག་དབང་བཀུགས། འགྲེམས་སྟོན་བྱེད་རིང་པེ་ཅིང་གིས་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཁེ་ལས་བར་བསྡོམས་སྒོར་དུང་ཕྱུར་10ཡི་གན་རྒྱ་བཞག་པས། རྩ་བའི་ཐོག་ནས་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཐོན།
            བོད་ལྗོངས་དང་མཚོ་སྔོན་འགྲེམས་ཁུལ་དུ་འགྲེམས་སྟོན་བྱས་པའི་ལག་ཤེས་བཟོ་རྩལ་དང་མི་རིགས་ཀྱི་རྒྱན་ཆ། ཁྱད་ལྡན་བཟའ་བཅའ། དེ་བཞིན་ཞིང་ཞོར་ཐོན་རྫས་ཁྲ་ཆིལ་ལེར་པེ་ཅིང་གི་གྲོང་མི་མི་ཉུང་བ་ཞིག་གི་མིག་དབང་བཀུགས།
        “དངོས་པོ་འདི་རྒྱུ་ཆ་ཅི་ཞིག་གིས་གྲུབ་པ་ཡིན་ནམ།” “དངོས་པོ་འདིས་སྤྱོད་སྒོ་ཅི་ཡིན།”“ཐིག་ཤིང་།འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད།” 2017ལོའི་པེ་ཅིང་གྲོང་ཁྱེར་གྱི་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་རིང་། ཉིན་ལྟར་ཕེབས་པའི་གྲོང་མི་རྣམས་ཀྱིས་ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པའི་འགྲེམས་ཁུལ་མདུན་དུ། རིག་གནས་གསར་གཏོད་ཐོན་རྫས་ལ་བལྟས་ཏེ་ལས་བྱེད་མི་སྣར་དྲི་བ་སྣ་ཚོགས་འདྲི་རྩད་བྱེད།

ལྷ་སའི་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པའི་མངའ་འོག་གི་རིག་གནས་གསར་གཏོད་ཚོང་རྟགས་“ནོར་གནག་གི་ཚོང་ཁང་”གི་ཐོན་རྫས།
        ཐེངས་འདིའི་འགྲེམས་ཚོང་དུ་ཞུགས་པའི་ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པས་ཁོངས་གཏོགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་མང་པོ་ཁྱེར་ཡོང་ཡོད།    དཔེར་ན་“ནོར་གནག་གི་ཚོང་ཁང་”གི་ཐོན་རྫས་ཁྲོད་ནོར་གནག་གི་ཁཱ་ཐོང་ཁུ་ལུ་རྩེད་ཆས་དང་གཡག་ཀོའི་དངོས་རྫས། བོད་རིགས་སྒྱུ་རྩལ་གྱི་ཐོན་རྫས་སོགས་ཡོད། ལྷ་སའི་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པའི་འོག་གི་ཏཱ་ལའི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་རིག་གནས་ཐོན་ལས་པུའུ་ཡི་པུའུ་ཀྲང་ཧྥུའུ་ལིན་ཅོན་གྱིས་གསར་འགོད་པར་བརྗོད་རྒྱུར།“ནོར་གནག་ཚོང་ཁང་”ནི་ཚོགས་པའི་ཁོངས་གཏོགས་ཀྱི་ཚོང་རྟགས་ཡིན། ནོར་གནག་ཁཱ་ཐོང་གི་བྱིས་པ་དང་བསྙེས་མགོ་སོགས་ལ་སྐུ་མགྲོན་རྣམས་ཀྱིས་དགའ་བསུ་ཆེནཔོ་བྱེད། ནོར་གནག་ཚོང་ཁང་གི་རིག་གནས་གསར་གཏོད་ཐོན་རྫས་མིག་སྔར་གཙོ་བོ་དངོས་གཟུགས་ཚོང་ཁང་བརྒྱུད་ཕྱིར་འགྲེམ་བྱེད། ལྷ་ས་གྲོང་ཁུལ་དུ་དངོས་གཟུགས་ཚོང་ཁང་བཞི་ཡོད། ད་ལྟ་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བསམ་པས་མིག་སྔར་རྒྱལ་ནང་གི་ཡུལ་སྐོར་བར་ཁྱབ་སྤེལ་གཏོང་བཞིན་ཡོད།”
 


རིག་གནས་གསར་གཏོད་ཐོན་རྫས་སྲིད་པ་ཧོའི་སྐེད་འདོགས།
        “སྐེད་འདོགས་འདི་ལ་རྒྱུ་ཆ་ལི་ཆས་དང་ར་གན་གྱིས་བཟོས་པ་རིགས་གཉིས་ཡོད། བུ་དང་བུ་མོའི་འདོགས་ཆ་ལ་དབྱེ་བ་ཡོད། སྐྱེས་པའི་ཆེ་བ་དང་སྐྱེས་མའི་ཅུང་ཆུང་བ་ཡིན། ཧྥུའུ་ལིན་ཅོན་གྱིས་སྲིད་པ་ཧོའི་སྐེད་འདོགས་ལག་ཏུ་བཟུང་ནས་རེ་རེ་བཞིན་མཚམས་སྦྱོར་བྱས། སྐེད་འདོགས་ཀྱི་ཇུས་འགོད་འདུ་ཤེས་ཐད་ཏའོ་ཅའོ་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ནང་དོན་ཟུང་འབྲེལ་བྱས་ཡོད་པ་དང་། ནང་དོན་གཙོ་བོ་ལ་ལོ་སྐོར་བཅུ་གཉིས་དང་སྤར་ཁ་བརྒྱད། རྨེ་བ་དགུའི་རི་མོ་འདུས། བོད་རིགས་ཕོ་མོ་རྒན་གཞོན་རྣམས་ཀྱིས་སྐེད་ལ་འདོགས་པའི་སྲུང་འཁོར་ཡིན། སྐེད་འདོགས་སྟེང་གི་རི་མོ་དེ་བོད་མིའི་ཁྱིམ་གྱི་སྒོའི་ཐོད་དུའང་བཀལ་ཡོད། བོད་བཟོའི་ཐིག་ཤིང་གིས་འགྲེམས་ཚོང་སྟེང་ཚང་མས་མིག་དབང་རབ་ཏུ་བཀུགས། བོད་བཟོའི་ཐིག་ཤིང་གི་ཚད་རྟགས་བོད་ཡིག་གིས་བརྐོས་ཡོད་ལ་ཐིག་ཤིང་གི་སྣེ་མགོར་ཨ་ཅེ་ལྷ་མོའི་ངོ་འབག་གི་དབྱིབས་ཇུས་འགོད་བྱས་ཡོད།”
བོད་བཟོའི་ཐིག་ཤིང་།
        ཧྥུའུ་ལིན་ཅོན་གྱིས་བརྗོད་རྒྱུར།“འགྲེམས་སྟོན་བྱེད་རིང་སྐུ་མགྲོན་མང་པོ་ལྟད་མོར་སླེབས་འོངས། ང་ཚོའི་རིག་གནས་གསར་གཏོད་ཐོན་རྫས་དེ་སྟེགས་བུ་འདིའི་བརྒྱུད་ལམ་ལ་བརྟེན་ནས། རྒྱལ་ཡོངས་ས་གནས་ཁག་གི་ཚོང་ཁང་དང་སྦྲེལ་མཐུད་མངོན་འགྱུར་བྱུང་བས། ལྷ་སའི་རིག་གནས་གསར་གཏོད་ཐོན་རྫས་ཕྱིར་འགྲེམས་པའི་ཚོང་ལམ་རྒྱ་བསྐྱེད་རྒྱུར་ཕན་ཐོགས་ཡོད་པ་རེད།”


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1