ཐུབ་བསྟན་ཕུན་ཚོགས།
སྤྱི་ལོ་2015ལོར་གསེར་རྟའི་མཁན་པོ་དགེ་དཔལ་ངེད་གཉིས་ངན་པ་དགུ་འཛོམས་བོད་ལུགས་ཡིན་མིན་སྐོར་ལ་རྩོད་པ་ཞིག་བྱུང་བ་རེད། སྐབས་དེར་ངས་ཁོང་ལ་ངན་པ་དགུ་འཛོམས་རྒྱ་ལུགས་ཡིན་པའི་སྐོར་བཤད་པས་དེ་ལ་དགེ་དཔལ་ངེད་ཉིས་ཀྱི་རྩོད་པ་དེ་བྱུང་བ་རེད། གཤམ་གྱི་རྩོམ་ཡིག་འདི་ནི་མཁན་དགེ་དཔལ་གྱིས་ང་ལ་དགག་པ་དང་། ངས་དེ་ལ་དགག་ལན་བྲིས་པའི་དུམ་བུ་ཞིག་རེད། །
ད་ལོ་སླར་ཡང་རྩོམ་པ་པོ་མིང་མེད་མཁན་ཞིག་གིས་ངན་པ་དགུ་འཛོམས་བོད་ལུགས་ཡིན་པའི་སྐོར་མཁན་དགེ་དཔལ་གྱི་གསུང་དེ་རྒྱབ་སྐྱོར་གྱི་ཚུལ་དུ། བཻ་དཀར་ཀྱི་ལུང་ཚིག་ཁ་ཤས་ཤིག་དྲངས་ཏེ་དེ་ལ་འགྲེལ་བཤད་མདོར་བསྡུས་ཤིག་བྱས་འདུག
ངན་པ་དགུ་འཛོམས་རྒྱ་ནག་ནས་བསྒྱུར་བ་ཡིན་པའི་སྐོར་ངས་ལོ་གཉིས་ཀྱི་སྔོན་ནས་བཤད་ཡོད་པ་དེ་ལ་ཡང་བསྐྱར་ཞིག་གཟིགས་རོགས། །
སྔོན་གྱི་རྩོམ་ཡིག་རྙིང་པ།
ཉི་མ་ནག་ཆེན་ངན་པ་དགུ་འཛོམས་དང་། །
གྱོ་ཁང་ཡན་ཀྭོང་ས་གླང་བརྟག་པ་སོགས། །
རྒྱ་ནག་ཡུལ་དུ་དོར་བའི་རྨོངས་དད་རིགས། །
བོད་ཡིག་ཡོད་ཀྱང་བོད་ཀྱི་རང་ལུགས་མིན། །
༣༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “ དེ་ཡང་གོང་དུ་ངན་པ་དགུ་འཛོམ་བོད་ཀྱི་མིན་པའི་རྒྱུ་མཚན་རྩིས་རིག་ཡིག་རྙིང་ལས་མ་མཐོང་བར་བཤད། དེ་ནི་ཁོང་རང་གིས་མ་མཐོང་བར་ཟད་ཀྱི་ཤིན་ཏུ་གྲགས་ཆེན་གྱི་རྩིས་ཡིག་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ནས་ཡོད་པའི་རྩིས་ཡིག་ཕྱིས་སུ། ཕྱི་ལོ་༡༣༤༠་ལྕགས་འབྲུག་ལོར་འཁྲུངས་པའི་ཨོ་རྒྱན་སངས་རྒྱས་གླིང་པས་གཏེར་བྱོན་དགོང་འདུས་སྐར་མཛོད་ལས། དཔྱིད་ར་སྟག་ཟླའི་ཚེས་བདུན་ཉིན་གཟའ་ཉི་མ་ནག་པོ་དང་༔ ཞེས་དང་།” ཞེས་པར།
༣༽ དེ་ལ་ཁོ་བོས་ལན་དུ། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་བ་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པ་མ་མཁྱེན་ནམ། ཞིབ་པར་མཁྱེན་འདོད་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《བཻ་དཀར་》དང་། དབོན་པོ་ཀརྨ་ངེས་ལེགས་ཀྱིས་མཛད་པའི་《ཉེར་མཁོ་བུམ་བཟང་》སོགས་ལ་གཟིགས་པར་ཞུ། རྒྱ་རྩིས་འཁྲུལ་པ་ཅན་བོད་དུ་བྱུང་ཚུལ་སྐོར། དབོན་པོ་ཀརྨ་ངེས་ལེགས་ཀྱིས་མཛད་པའི་རྩིས་གཞུང་《ཉེར་མཁོ་བུམ་བཟང་》དཔལ་སྤུངས་ཤིང་སྤར་མའི་ཤོག་ངོས་༤༧པར། “དོན་དུ་བོད་དུ་མེས་ཨོག་ཚོམ། །ཡན་ལ་འཁྲུལ་པ་མེད་མོད་ཀྱང་། །དེ་སྲས་ལ་བསུས་རྒྱ་མོ་བཟས། །སྲས་གྲོངས་མེས་དང་འདུས་པ་ལས། །སྲས་པོ་འཁྲུངས་པ་ཚེ་སྤོང་བཟས། །འཕྲོག་པའི་ཡི་མུག་ལ་བརྟེན་ནས། །ས་དཔྱད་ཉམས་བཅུག་རྩིས་ཀྱི་གཞི། །ལོ་སར་ཟླ་བ་གང་ཡིན་པ། །ང་ལ་མ་འདྲི་རྒྱལ་ལ་དྲིས། །ཞེས་པའི་མདོ་སྡེ་ཀོལ་བུ་ཆུང་། །བརྩམས་ནས་ཐམས་ཅད་འཕྱུགས་བཅུག་པས། །རྗེས་སུ་བུས་མ་ངོ་ཤེས་དུས། །ལེགས་པར་བཅོས་ཀྱང་འཕྲོ་ལུས་པའི། །རྗེས་འབྲང་ཧོར་ཟླ་བཅུ་གཉིས་པ། །སྟག་ཟླར་འདོད་པ་འདི་བྱུང་ཞིང་།” །ཞེས་སོགས་ཁྲི་སྲོང་སྐབས་སུ་རྒྱ་རྩིས་བྱུང་བ་མ་ཟད་རྫུན་བཅོས་བྱས་པའི་རྒྱ་རྩིས་ཀྱང་བྱུང་ཡོད་པ་རེད། བོད་རྩིས་ནང་དུ་གཟའ་ཉི་མ་ནག་པོ་ཟེར་བ་ཞིག་མ་མཐོང་ཡང་། ཁྱོད་ཀྱིས་གསུང་པ་དེ་ཕལ་ཆེར་ཉི་ནག་ཡིན་པ་འདྲ། དེ་ལྟར་ན། དཔྱིད་ར་སྟག་ཟླའི་ཚེས་བདུན་ཉི་ནག་ཡིན་ཀྱང་དེ་ནི་རྒྱ་ནག་ནས་བསྒྱུར་བའི་རྩིས་རིག་ཡིན་པ་བོད་ཀྱི་རྩིས་དཔེ་ཐམས་ཅད་ནང་གསལ་པོར་གསུངས་ཡོད་པ་རེད། ཁྱེད་ཀྱིས་ཁུངས་སུ་དྲང་བའི་《དགོངས་འདུས་སྐར་མཛོད་》ནི། སངས་རྒྱས་གླིང་པས་རྒྱ་གར་དང་། རྒྱ་ནག །བོན་ལུགས་རྣམས་ཉ་ཉུག་ཏུ་བསྲེས་ནས་བསྒྲིགས་ཏེ། བོད་ཟླ་བཅུ་གཉིས་པ་དཔྱིད་ར་སྟག་ཟླ་འཛིན་པའི་དཔེ་ཆ་དེ། དུས་ཕྱིས་བོད་ཀྱི་ཡོངས་གྲགས་ཕུགས་མཚུར་གཉིས་སུ་གྲགས་པ་གང་གིས་ཀྱང་དང་ལེན་མེད་པའི་རྩིས་དཔེ་ཞིག་རེད། །
༤༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “ ཕྱི་ལོ་༡༦༨༧་མེ་ཡོས་ལོར་བརྩམས་པའི་བསྟན་བཅོས་བཻ་དཀར་གྱི་འབྱུང་རྩིས་ཚེས་རྒྱུའི་ས་བདག་སྐབས། ཉི་མ་ནག་ཆེན་ཞེས་གྲགས་པ། །ཡ་བདུད་རྡོ་རྗེ་གློག་ཕྲེང་དང་། །ས་སྲིན་འབར་མ་བྱ་བ་ལ། །བུ་ནི་རཱ་ཧུ་ལ་ཞེས་དང་། །བུ་མོ་འབྲོག་སྲིང་ཆུ་སྲིན་གདོང་། །དེ་འོག་སྟག་སྲིང་ཟོར་གདོང་དང་། །དེ་འོག་ཀོང་སྲིང་བ་ཡང་གདོང་། །ཆུང་བ་བམ་སྲིང་དྲེད་གདོང་བཞི། །དེ་ནས་རཱ་ཧུས་རི་རབ་ལ། །གཡས་བསྐོར་བམ་སྲིང་གཡོན་བསྐོར་བས། །དཔྱིད་རའི་ཚེས་བདུན་མནོལ་ཤོར་དུས། །འདི་ལ་ངན་པ་དགུ་འཛོམ་ཞེས། །འོག་རླུང་སྟེང་དང་སྟེང་རླུང་འོག །ཐད་རླུང་འཁྱུག་ཅིང་འབྱུང་ལྔ་འཁྲུག །བཙན་དུག་ལྟ་བུའི་ཉི་འཆར་ཞེས། །ཞེས་ངན་པ་དགུ་འཛོམ་ནི་ཉི་ནག་གིས་འབྲས་བུར་གསལ་བར་གསུངས་པ་དང་། ” ཞེས་པར།
༤༽ དེ་ལ་ཁོ་བོས་ལན་དུ། དེང་དུས་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོ་ངོས་འཛིན་ལྟར་ན། 《བཻ་དཀར་》ནི་སྡེ་སྲིད་ཀྱིས་ཕྱོགས་བསྒྲིགས་བྱས་པ་ཞིག་རེད་མ་གཏོགས། གསར་རྩོམ་བྱས་པ་ཞིག་མ་ཡིན་པ་སུས་ཀྱང་ཤེས་སླ། འདིའི་ནང་དུ་མང་ཆེ་བ་ནི་གནའ་བོའི་བོན་ལུགས་ཀྱི་འབྱུང་རྩིས་ཡིན་པ་ད་ལྟ་པོ་ཏཱ་ལའི་དཔེ་མཛོད་དུ་བཞུགས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་《བཻ་དཀར་》རྩོམ་བསྒྲིགས་བྱེད་པའི་སྐབས་སུ་དཔྱད་ཡིག་ཡིན་པར་གྲགས་པ་འདི་དག་ལ་གཟིགས་དང་། དེ་དག་ཕལ་ཆེར་བོན་གྱི་ཡིག་ཆ་བསྒྱུར་བཅོས་གང་ཡང་མ་བྱས་པ་ད་ལྟར་ཡང་བཞུགས་ཡོད་པ་འདི་དག་ཡིན་ཞིང་། 《 བཻ་དཀར་》ནང་དུ་གཙོ་བོ་བོན་གྱི་འབྱུང་རྩིས་དང་། དུས་འཁོར་སྐར་རྩིས། རྒྱ་རྩིས་རྙིང་མ་རྣམས་ཕྱོགས་བསྒྲིགས་མཛད་པ་ཡོངས་གསལ་རེད། འོན་ཀྱང་རྒྱ་རྩིས་རྙིང་མ་འདི་དག་ཁུངས་བཙུན་མ་ཡིན་པའི་ཚུལ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས《ཤེས་བྱ་ཀུན་ཁྱབ་》མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་༢༩༩པར། “བོད་འདིར་ཐོག་མར་ཀོང་ཇོ་སྔ་ཕྱིས་རྒྱ་ནག་གི་རྩིས་གཞུང་བསྣམས་ཏེ་སྲོལ་ཕྱེས། ཕྱི་དར་ལ་ལོ་ཙཱ་བ་ཁམས་པ་ཁྲ་མོ་དང་། པཎྜི་ཏ་ཟླ་བ་ནག་པོ། ཁྱུང་ནག་ཤཱཀྱ་དར་རྒྱས་སོགས་ཀྱིས་གསལ་སྒྲོན་གྱིས་མཚོན་པའི་གཞུང་མང་པོ་བསྒྱུར་བཤད་མཛད། སྔ་འགྱུར་རྣམས་ཀོང་ཇོ་ཕྱི་མས་བསྐོར་མགོ་བསྒྱུར་བ་དང་། འགའ་ཞིག་བོད་བསོད་ནམས་དམན་ཞིང་། རྒྱ་ནག་གི་མི་ཞེ་གནག་པས་གནད་གསང་གི་སྐོར་མགོ་རྣམས་སྤས་པ། མིན་པ་ལ་ཡིན་པར་བཟུང་། རང་བཟོའི་རིགས་པ་གསེར་དུ་རློམས། སྙིང་པོའི་འབྲས་བུས་སྟོངས་པའི་བཤད་ཡམས་ལོ་མ་མང་པོས་ཤིན་ཏུ་བསླད་ཆེ་བར་རྒྱ་ནག་དངོས་དང་མཐུན་པའི་གཞུང་མ་མཆིས།” ཞེས་རྒྱ་རྩིས་རྙིང་མའི་ནང་དུ་རྩིས་རྫུན་ཡོད་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་གསལ་པོར་གསུངས་འདུག །
དེ་ལས་གོང་དུ་ཉིད་ཀྱིས་དྲངས་པའི་《བཻ་དཀར་》གྱི་ལུང་འདི་ནི་གནའ་དུས་རྒྱ་རྩིས་བོད་དུ་བསྒྱུར་བའི་ས་བདག་ཤོག་ཁྲའི་ལེའུ་ཡིན་ཏེ། ས་བདག་ཁ་ཤས་ཀྱི་མིང་རྒྱ་སྐད་རང་སོར་འཇོག་ཡོད་པ་དཔེར་ན། ཝང་གི་དང་། པི་ལིང་ལྟ་རྣམས་སོ། དེའང་ཁྱོད་རང་གིས་ལུང་དྲངས་པའི་ལེ་ཚན་དེའི་ཤོག་ངོས་༢༠༤ལ་གཟིགས་དང་། “རྒྱ་ནག་སྐད་དུ་འབྲུག་རྗེ་ཟེར། །བོད་དུ་ནང་ལྷ་ཞེས་པ་ནི།” ཞེས་དང་། ཡང་། ཤོག་ངོས་༡༩༧པའི་ངོས་སུ། “ཡང་ནི་གནམ་ཁྱི་ནག་པོ་འདིར། །རྒྱ་རྩིས་གསར་རྙིང་རྣམ་པ་གཉིས། །རྙིང་མ་ཟླ་བ་གང་ཤར་འཇུག །མདུན་ཟུར་ཁ་རུ་མགོ་བོ་ཡང་། །གསར་མ་དེ་ལས་ལྡོག་པ་སྟེ།” ཅེས་སོགས་རྒྱ་སྐད་ནས་བོད་ཡིག་ཏུ་བསྒྱུར་བའི་སྐོར་གསལ་པོར་གསུངས་ཡོད་པ་རེད། དེས་ན་ཁོ་བོས་ཀྱང་ཉི་མ་ནག་པོ་དང་། ངན་པ་དགུ་འཛོམས་ཟེར་བ་དེ་རྣམས་རྒྱ་ནག་ལུགས་ཡིན་པ་སྒྲུབ་བྱེད་ཁྱེད་ཀྱིས་དྲངས་པའི་ལུང་འདི་དག་ཡིན་ནོ། ཐུགས་རྗེ་ཆེ། ཐུགས་བསམ་བཞེས་ཞིང་བཀའ་མོལ་གནང་ན་ལེགས་སོ། །
སླར་ཡང་ད་ལོའི་གསལ་བཤད།
འདིར་སྔོན་མཁན་དགེ་དཔལ་ལ་ཕུལ་བའི་ལན་དེའི་ཐོག་ཏུ་ཁ་སྣོན་མདོར་བསྡུས་ཙམ་ཞུ་བར། གལ་སྲིད་རྒྱ་ལུགས་ངན་པ་དགུ་འཛོམས་ལ་དད་པ་ཡོད་ན། བཅུ་གཅིག་པའི་ཚེས་བདུན་ཞེས་པ་རྒྱ་རྩིས་རྙིང་པ་ནོར་འཁྲུལ་ཅན་དེའི་ལུགས་རེད། རྒྱ་རྩིས་ཡང་དག་གི་ངན་པ་དགུ་འཛོམས་ནི། དཔྱིད་ར་སྟག་ཟླ་སྟེ་ཟླ་བ་དང་པོའི་ཚེས་བདུན་ཡིན་པ་དེང་དུས་ཤེས་གསལ་ལྟར་དང་། རྒྱ་རྩིས་རྙིང་མ་དེ་ནོར་འཁྲུལ་ཅན་ཡིན་ཚུལ་གོང་དུ་དབོན་པོ་ཀརྨ་ངེས་ལེགས་ཀྱི་གསུང་དུམ་བུ་ལུང་དྲངས་པ་དེ་ལ་གཟིགས་པས་འཐུས། དེང་དུས་རྒྱ་ལུགས་ཡང་དག་གི་དཔྱིད་ར་སྟག་ཟླའི་ཚེས་བདུན་ཞེས་པ་ཞིང་རྩིས་ཟླ་བ་དང་པོའི་ཚེས་བདུན་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད། བཻ་དཀར་ལས། དཔྱིད་རའི་ཚེས་བདུན་མནོལ་ཤོར་དུས། །འདི་ལ་ངན་པ་དགུ་འཛོམས་ཟེར། ཞེས་ཉིན་དེ་ནི་ར་ཧཱུ་དང་བམ་སྲིང་གཉིས་མནོལ་ཤོར་བའི་དུས་ཡིན་པ་དང་། དེ་ནས་སྐྱེས་པ་དང་རྡོལ་བའི་དུས་ཀྱང་ངན་པ་ཐ་ཆད་ཀྱི་ཉིན་ཡིན་པར་བཤད་དེ། ཟླ་བ་རེའི་ནང་ཉི་ནག་རིགས་གསུམ་རེ་ཡོད་པར་བཤད་དེ། བཻ་དཀར་ལས། དཔྱིད་འབྲིང་བཅུ་བཞི་སྐྱེས་པའི་དུས། །དཔྱིད་ཐའི་ཉེར་གཅིག་རྡོལ་བའི་དུས། ཞེས་གསལ་བ་དང་། དེ་བཞིན་དུ་དུས་ཚིག་སོ་སོའི་ནང་དུ་ཉི་ནག་ངན་པ་དགུ་འཛོམས་གསུམ་རེ་ཡོད་དེ། བཻ་དཀར་ལས། །
དབྱར་རའི་ཚེས་བརྒྱད་སྟག་སྲིང་མནོལ། །དབྱར་འབྲིང་བཅུ་དྲུག་ཁྲག་གྲོད་སྐྱེས། །དབྱར་ཐའི་ཉེར་བཞི་གྲོད་པ་རྡོལ། །
སྟོན་རའི་དགུ་ལ་གོང་སྲིན་མནོལ། །སྟོན་འབྲིང་བཅོ་བརྒྱད་ལྕགས་གྲོད་སྐྱེས། །ཐ་ཆུང་ཉེར་བདུན་གྲོད་པ་རྡོལ། །
དགུ་རའི་ཚེས་བཅུ་བམ་སྲིང་མནོལ། །དགུན་འབྲིང་ཉི་ཤུ་ཆུ་གྲོད་སྐྱེས། །དགུན་ཐའི་གནམ་གང་ལྐུགས་པ་རྡོལ། །
ཁྱད་པར་ནོར་རྫས་ཕྱིར་གཏོང་དང་། །དབང་རབ་བག་མ་མཁར་ལས་དང་། །དགེ་བཤེས་ཆེ་འདོན་དུར་གདབ་ཚོང་། །དགེ་ལས་དཀར་པོའི་ཕྱོགས་མི་བྱ། །ངན་ཐབས་དག་ལ་འདི་དང་བསྟུན། །ཁྱད་པར་དམིགས་བསལ་ཟླ་འབྲས་ལྟར། །འཛེམ་པ་གཅེས་སོ་ཤེས་ལྡན་དག །ཞེས་སོགས་གསུངས་སོ། །
གལ་སྲིད་རྒྱ་རྩིས་ལས་བྱུང་བའི་རྨོངས་དད་ལ་ཡིད་ཆེས་ཡོད་ན་གཤམ་གསལ་ལྟར་རྒྱ་རྩིས་དག་མ་ཞིག་སྤྱད་འོས།
ཟླ་བ་སོ་སོའི་རྒྱ་རྩིས་ངན་པ་དགུ་འཛོམས་ཀྱི་རེའུ་མིག
གནའ་བོའི་གད་སྙིགས་གསེར་ལྟར་གཅེས། །
དེང་རབས་ཚན་རིག་གླུད་ལྟར་སྨད། །
འཛམ་གླིང་སྤྱི་ལུགས་མི་ཤེས་པའི། །
གངས་ཅན་བོད་ཀྱི་མདུན་ལམ་གང་། །
ཞེས་ཀྱང་རྒྱལ་ཁམས་པ་དེས་སྨྲས་སོ། །