ལྷ་ས་ནས་ཨ་ཅེ་སྣང་ས་དྲན་པ། (སྙན་ཚོམ)
སྒོ་ཡག་བསོད་བཀྲ། (ཀན་ལྷོ)
མྱང་ཆུའི་གཞུང་ལས་འབུས་པའི་གསོར་འབིག་ཕྲ་མོ་ཞིག་གིས
ལྗང་བ་སྔོན་པོ་ཞིག་ལྟར་ངའི་ཤ་ཁྲག་གི་གྱང་གོག་ཕུག་ཡོང
ནས་འབྲུ་ཞིག་ལས་མི་ཆུད་པའི་བུ་ག་དེར་སེམས་ཀྱིས་བལྟས་པས
མཚན་ལ་ཆང་འཚག་མཁན་གྱི་ཁྱིམ་མཚེས་དང
ཉིན་ལ་ཡོས་འཐག་མཁན་གྱི་གནས་མོ
སྒྲུང་གི་ཟིལ་བ་བཏེགས་པའི་ལས་ཀྱི་ཁྲུང་ཞུ་མ
ཉིན་མཚན་གྱི་རྒྱུ་སྤུན་ལ་དྲངས་པའི་མགུར་མའི་ཀོ་བ་ཞིག་ལས
ཁྱོད་རང་འགྲུལ་བ་བཞིན་རྒྱང་ནས་རྒྱང་དུ་བཞུད་ཚུལ་གྱིས
སེམས་ཀྱི་གྲིབ་མས་ཉི་འོད་མི་ཚོར
མིག་གི་སྤྲིན་པས་ཆར་བ་མི་ཁོག
ལུས་ཀྱི་སྣམ་བུ་རལ་དུས
ལོ་ལེགས་ཀྱི་ལྷན་པ་ལེབ་མོ་ཞིག་གིས
རླུང་ལ་ཐུམ་བརྒྱབ་སྟེ
མིག་གི་གྲ་མ་ལྕེ་ཡིས་འདོན་མཁན་མི་འདུག
མྱང་ཆུའི་སྟོད་སྨད་ཀྱི་ཡུལ་ལུང་དེ་ན
ཁྱོད་ཀྱི་མགུར་མའི་སྦུན་པ་ཙམ་སྤུར་བ་ལས
ནས་འབྲུའི་ལྗིད་ཀྱིས་ཁྱོད་རང་དྲན་མཁན་མི་འདུག
༢༠༡༦.༤.༧ཉིན་དབུས་ནས།
སྤུ་བཤངས་པ།
མིག་ནང་གི་ཁྲུང་ཞུ་མ་དེ་གྱང་ལ་འཐིམ་སོང
ཁོག་པའི་ནང་གི་གསེར་ཕྱེ་དག་བྱེ་མར་གྱུར་སོང
ལུས་བསྟེན་ཕྱར་བ་ལྟ་བུའི་རྐང་རྗེས་དེས
གཙང་པོའི་ངོས་སུ་རྒྱབ་གཟུགས་དཔར་ཏེ་བཞུད་སོང
རུམ་ལས་གྲིབ་མ་ཞིག་ལྷུང་སོང
ང་རང་ཐང་ལ་བརྡབས་སོང
ཚེ་ཡི་ཐེམ་པ་སྔས་སུ་བྱས་ཏེ
སེམས་ཀྱི་སྒོ་རྩ་ན་ཉལ་ཡོད
སྲོག་གི་འབྲེང་ཟམ་སྟེང་ནས
བདེ་བའི་རྨི་ལམ་བོར་སོང
དུས་ཚོད་ཀྱི་ལག་རས་རལ་རྗེས
ཁབ་མིག་ལས་སྐུད་པ་ཞིག་ཤོར
ཕད་གོག་ལས་རླུང་ལྡང
དཔྲལ་བའི་རི་མོ་བཤིག་གོ
༢༠༡༦.༥.༡༦ཉིན་ཁྲིན་ཏུའུ་ནས།
ཐང་སྟོང་།
རི་དྭགས་ཀྱི་རྨིག་རྗེས་སྐོམ་པའི་རྐྱན་བུ
རྐྱན་བུའི་སེར་ག་བློ་ཡིས་བཙེམས
ངག་གིས་ཤན
སྣང་བས་སྐྱོར་ཏེ
མགྲིན་པའི་དབུས་ནས་ཡར་ཡར་འདེགས་དུས
ནས་ཆང་ཞིག་དང་འདྲ་བའི་རང་ཉིད་ནི
མཁའ་དབུགས་དང་ཉི་འོད་ཀྱི་གླིང་ལ་ཕུལ་བའི
གཙང་པོའི་གཞུང་གི་ཀོ་གྲུ་ཆུང་ཆུང་དེའོ
༢༠༡༦.༥.༢༡ཉིན་ཁྱུང་མཆུ་ནས།
ངག་གི་རྡོ་བ།
མིག་གི་གྲ་མ་ལྕེ་ཡིས་འདོན་མཁན་མི་འདུག
རྡོག་པའི་ལྷམ་སྒྲོག་ངག་གིས་མདུད་མཁན་མི་འདུག
སྒྲ་བརྡར་ཏེ་འཁོར་བ་འགྲེལ་མཁན་མི་འདུག
མེ་བུས་ཏེ་སྒྲུང་བཤད་མཁན་མི་འདུག
མིག་ཤེལ་ངོས་ཀྱི་རྔུལ་ཆུ་གཅོད་མཁན་མི་འདུག
རུས་པ་བཅག་སྟེ་རྐང་བཟའ་མཁན་མི་འདུག
སེམས་ཀྱི་ཁབ་མིག་ཏུ་ལུས་ཀྱི་སྐུད་པ་བརྒྱུས་ཏེ
རྣམ་ཤེས་ཀྱི་གོམ་ཁ་འཚེམ་མཁན་ཨེ་ཡོད
༢༠༡༦.༤.༢༣ཉིན་ཕ་ཡུལ་ནས།
བྱིས་དུས།
དྲན་པའི་འདམ་རས་སྐྱོར་བའི
ཆུ་དྭངས་མོ་ཁྱོར་བ་གང་གི་ནང་གི་རྡེའུ་དེ
དུས་ཚོད་ཀྱི་མིད་པ་ནས་ལུས་རྗེས
ཨམ་ཕྲག་ནང་གི་ཀ་ར་ཚི་སྟུག་མ་དེར་གྱུར་འདུག
སྣང་བའི་ཚོན་ལ་སྐད་ཆ་བསྡེབས་ཏེ
རྡོ་ལེབ་ངོས་སུ་བྲིས་པའི་རི་མོ་དེ་དག
གཅིག་པུར་ཐང་སྟོང་དུ་འཕྱན་པའི་དུས་སུ
ཡིད་ངོར་བཏབ་པའི་སྒྲུང་གི་ལྗོན་པར་གྱུར་འདུག
སྣང་བ་གང་ལའང་གཡེང་ས་མེད་པའི་དུས་སུ
ཚེ་སྲོག་ནི་སླ་ང་ཞིག་དང་འདྲ
རྩི་ཤིང་དང་རླུང་བུ་ལ་སྐད་ཆ་བཤད་པའི་གཏམ་རྒྱུད་དེ
རྣམ་ཤེས་ཀྱི་ཕྲུ་གུ་བཅོལ་སའི་ཡུལ་དུ་གྱུར་འདུག
༢༠༡༦.༥.༡༤ཉིན་ཁྲིན་ཏུའུ་ནས།
ན་གོར་མོ།
མེ་འཁོར་གྱི་པ་སེ་ལས་ཡིག་འབྲུ་ཞིག་རིང་དུ་ཡེར
རྒྱང་ཐག་དེའི་ཐ་གུས་ངའི་མིད་པ་ཡང་ཡང་བསྒགས
ཤ་དང་ཁྲག་གི་བར་གྱི་ཐང་ཆེན་པོ
ལུས་ཀྱི་རྩ་རྒྱུས་ལས་བཤངས་པའི་རྡོ་བ་ཞིག་དང་འདྲ
ཕྱི་རོལ་ན་འབབ་ཀྱིན་པའི་དུས་ཚོད་ཀྱི་བག་ཆུས
མེ་འཁོར་ནང་གི་མི་རྣམས་ཀྱི་གཉིད་ཀྱི་ཀོ་བ་བངས་འདུག
མུན་པའི་ངོས་སུ་འབྱར་བའི་མིག་ཟུང་གི་རྩེ་མོས
ཅི་ཡང་མཐོང་མི་ཐུབ་པའི་མེ་འཁོར་གྱི་ཤེལ་སྒོ་བཅགས
རི་དྭགས་རེ་ཟུང་གཉེན་མི་བཞིན་གློ་སྙིང་གི་གསེང་དུ་མཆོང
སླར་ཡང་ལྕགས་ལམ་གྱི་ར་བ་བརྒལ་ཏེ་རྒྱང་དུ་ཞོགས
སྨག་གི་སྐྱི་པགས་འོག་གི་ཁྲག་གི་གཡོ་འཁྱོམ་ལྟ་བུའི
ཡུལ་འདིའི་བྱེ་མ་སྤར་གང་ངའི་ལུས་ཡོངས་སུ་འཛུལ
༢༠༡༦.༤.༡༩ཉིན་མེ་འཁོར་ནང་ནས།