སྣང་བའི་རྒྱལ་ཁམས་སུ་བཀོད་པའི་ཟིན་ཐོ། (སྙན་ཚོམ)
རྨ་རོ་ལངས། (རྨ་ལྷོ)
རི་རྩེའི་སྨུག་སྤྲིན།
སྨུག་སྤྲིན་དེ་སྟུག་དྲགས་པས
ང་ཡི་ལོ་ཟླ་ལྟ་བུའི་ཁྱོད་མཐོང་ཐབས་མི་འདུག
ཉི་མའི་དཀར་ངོགས་འདི་རུ
ཁྱོད་མུན་པ་ཞིག་ཡིན་དོན་ཅི
ང་ཡི་རྐང་ལག་གཉིས་གཤོག་པ་ཞིག་ཡིན་རུང
ཁྱོད་རང་ཟིན་ཐབས་མི་འདུག
ང་ཡི་མིག་ཟུང་གཉིས་གློག་འོད་ཅིག་ཡིན་རུང
ཁྱོད་རང་རྙེད་ཐབས་མི་འདུག
སྨུག་སྤྲིན་དེ་སྟུག་དྲགས་པས
སྨུག་སྤྲིན་དེ་དག་སེམས་སུ་འཐིབས་ཡོང་ན
ངས་ཁྱོད་རང་དངོས་ནས་རྙེད་ཐབས་མི་འདུག
2016.07.29ཉིན་ཡུལ་རེབ་གོང་དུ།
སྡེ་གྲོང་ཐར་ཐོར།
སྡེ་གྲོང་ཐར་ཐོར་འདི་མི་སྐྱ་བོ་ཞིག་གི་རྐང་རྗེས་རེད
རྐང་རྗེས་ཟད་ལ་ཉེ་ཡང་རྐང་རྗེས་འཚོལ་མཁན་མི་འདུག
མི་སྐྱ་བོ་གླེང་མཁན་དག་སྨྱོན་པ་རང་རེད
རྒྱུ་མཚན ད་ལྟ་མི་སྐྱ་བོ་དེ་སྨྱོན་པ་མ་རེད་ཟེར་མཁན་མི་འདུག
ངས་ཁ་རོག་གེར་མི་སྐྱ་བོ་དེ་དྲན་གྱིན་ཡོད
མི་སྐྱ་བོ་དེའི་ཟད་ལ་ཉེ་བའི་རྐང་རྗེས་འཚོལ་གྱིན་ཡོད
རླུང་བུ་ཞིག་ག་ལེར་ག་ལེར་སྡེ་གྲོང་ཐར་ཐོར་འདིར་འཚུབ་དུས
རླུང་བུ་ཞོད་འཇགས་སུ་གཏོང་མཁན་ང་རང་ཨེ་ཡིན་ནམ
སྡེ་གྲོང་ཐར་ཐོར་འདི་ལྷིང་ཞིང་འཇགས་ཟེར
ཡིན་ནའང ཁོ་ཚོས་རླུང་བུ་གཡུག་སྟངས་ལ་བསམ་བློ་གཏོང་གིན་མི་འདུག
2016.07.30ཉིན་ཡུལ་རེབ་གོང་དུ།
ང་ཡང་ལམ་འགྲོ་བ་ཞིག་ཡིན་ནམ།
ད་ལྟ མི་ཚང་མའི་ཕྱི་ནང་གཉིས་ཀ་ཁྲ་ཁྲ་རེད
སྡོད་ཁང་གི་ཕྱི་ནང་ཡང་ཁྲ་ཁྲ་རེད
འཚོ་བ་རོལ་སྟངས་ཀྱང་ཁྲ་ཁྲ་ཡིན་པ་འདི་དག་གིས
ཕྱི་མིག་མེད་པའི་ལམ་འགྲོ་བ་ཞིག་དྲན་ཡོང
སྟོད་ཀྱི་སྤང་ལྗོངས་དང་སྨད་ཀྱི་ནས་ཞིང་ཁར
གད་སྙིགས་ཁྲ་ཁྲ་རིག་རིག་རེད
ཆུ་བོའི་གཞུང་དང་ལོ་ཟླའི་ལྟེབ་ཁུགས་དག་ཀྱང
རླབས་རྒྱུན་ཁྲ་ཁྲ རྨི་ལམ་ཁྲ་ཁྲ་ཡིན་པ་འདི་དག་གིས
ང་ཡང་ལམ་འགྲོ་བ་ཞིག་ཡིན་ནམ
2016.07.31ཉིན་ཡུལ་རེབ་གོང་དུ།
ང་ཡི་རེབ་གོང་།
འབྲོག་སྡེ་དག་གི་མགོ་སྦྲ་རླུང་གིས་ཟད་དེ
སོ་ཕག་དམར་པོར་རྩི་དཀར་བྱུགས་པའི་སྡོད་ཁང་ཞིག་ལ་སྤར་རྗེས
འབྲོག་མི་དག་ཀྱང་འདུག་ས་རྡོ་ཁང་དེ་དང་འདྲ་བར་འདུག
རོང་སྡེ་དག་གི་ཞིང་ས་འཇོར་དང་ལྕགས་ཁེམ་གྱིས་བརྐོས་ཏེ
སྒོར་རྡོག་འགའ་ཨམ་ཕྲག་ཏུ་བཅུག་རྗེས
རོང་མི་དག་ཀྱང་འཇོར་དང་ལྕགས་ཁེམ་གྱིས་བརྐོས་པའི་ས་ཞིང་དང་འདྲ་བར་འདུག
ང་ཡི་རེབ་གོང
རི་ཁའི་དར་ལྕོག་ཅིག་དང་འདྲ་བར་རླུང་གིས་ཟད་ཀྱིན་འདུག
དགུན་ཁའི་ཁ་བ་ཞིག་དང་འདྲ་བར་ཉི་མས་ཞུ་བཞིན་འདུག
ང་ཡི་རེབ་གོང
སྔར་གྱི་མི་ཕོ་དཔུང་རྗེན་དེའི་དཔའ་ངར་མ་རེད
སྔར་གྱི་མི་མོ་སྟོད་རྗེན་དེའི་སེམས་རྒྱ་མ་རེད
2016.08.01ཉིན་ཡུལ་རེབ་གོང་དུ།