ངས་ཁྱེད་ལ་ཅི་ཡང་མི་ནུས།
རྒུ་རུ་བ་རྡོ། (མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ངས་ཁྱེད་ལ་ཅི་ཡང་མི་ནུས།
རྒུ་རུ་བ་རྡོ། (མཚོ་ལྷོ)
ང་ཚོ་ནི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་མི་རིགས་ཤིག་ཡིན
ང་ཚོ་ནི་ཚེ་སྲོག་ཐམས་ཅད་ལ་འདྲ་མཉམ་གྱིས་ལྟ་བའི་མི་རིགས་ཤིག
འཆི་བ་དང་ལེན་བྱེད་ཕོད་པའི་མི་རིགས་ཤིག
འཆི་རྐྱེན་སྣ་ཚོགས་པ་ཡོད་པར་ཡིད་ཆེས་པའི་མི་རིགས་ཤིག་ཡིན
ཤི་བའི་རྒྱབ་རོལ་ན་ཞིང་ཁམས་མང་པོ་ཞིག་ཡོད་པར་རློམ་པའི་མི་རིགས་ཤིག་ཡིན
ངས་འཇའ་ཚོན་གྱིས་བྲིས་པའི་ཟམ་པ་ཞིག་ཁྱེད་ལ་གཟུགས་མི་ནུས
ངའི་མིག་ཆུས་བྲན་པའི་ཚིག་རྐང་འགས་ཁྱེད་ཀྱི་ལམ་ཡིག་མི་འོང
ཁྱེད་ཚེ་སྲོག་སྟོང་གིས་བསྐྲུན་པའི་འཇའ་ཚོན་གྱི་ལམ་བུ་ཞིག་ཏུ་ཕེབས་ཀྱིན་ཡོད་ངེས
ཉི་ཟེར་གྱིས་བཟོས་པའི་ལྭ་བ་ཡངས་མོ་ཞིག་གྱོན་ཡོད་ངེས
རྩམ་པ་དང་དབྱངས་གསལ་སོ་བཞི་རྒྱགས་སུ་བསྣམས་ཡོད་ངེས
རྒྱལ་བ་སྲས་དང་བཅས་པས་མེ་ཏོག་གི་ཆར་བ་གཏོར་གྱིན་ཁྱེད་བསུ་བཞིན་ཡོད་ངེས
ལྷ་རྣམས་ཀྱིས་ཀྱང་མིག་ཆུ་ཤག་ཤག་འཇོ་བཞིན་ཡོད་ངེས
ས་རྣམ་པ་དྲུག་ཏུ་གཡོས་ཡོད་ངེས
ཁྱེད་རང་སྔར་བཞིན་འཛུམ་དམུལ་ལེར་ཡོད་ངེས
དྲང་མོར་བཤད་ན་ངས་ཁྱེད་ལ་ཅི་ཡང་མི་ནུས
ངས་ཁྱེད་ལ་བྱང་ཆུབ་སེམས་དཔའི་ཆོ་ལོ་སྩོལ་མི་ནུས
ངས་ཁྱེད་ལ་རང་ཡུལ་སྲུང་བའི་དཔའ་བོར་འབོད་མི་ནུས
ངས་རྡོ་བ་ནར་མོ་ཞིག་ཡར་བསླངས་ཏེ
དེའི་ངོས་སུ་ཁ་བ་སྙིང་ལྕགས་ཞེས་པའི་ཡིག་འབྲུ་བཞི་ཡང་འབྲི་མི་ནུས
འཆི་མི་ཕོད་པའི་ང་ཨང
༢༠༡༥.༦.༢༨ཉིན།