རོ་ཁང་ནི་ཁྱོད་ཀྱི་གནས་མལ་ཡིན།
རེབ་གོང་བསམ་སྤྱོད། (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
རོ་ཁང་ནི་ཁྱོད་ཀྱི་གནས་མལ་ཡིན།
རེབ་གོང་བསམ་སྤྱོད། (རྨ་ལྷོ)
སོང་སོང་ཡང ཁྱོད་རང་ཕྱིར་ལོག་དགོས
བཙལ་བཙལ་ཡང ཁྱོད་རང་ཁེར་རྐྱང་དུ་ཕྱིར་ལོག་དགོས
རོ་ཁང་ནི་ཁྱོད་ཀྱི་མཐར་ཐུག་གི་གནས་མལ་ཡིན
མང་པོ་མང་པོ་ཞིག་ཁུར་ནས
ལྗིད་མོ་ལྗིད་མོ་ཞིག་དྲུད་ནས
གང་དུ་སྙེག་གམ
ཕྱིར་ལོག་ཡོང་དུས ཁྱོད་སྔར་བཞིན་ཁེར་རྐྱང་ཡིན
རྒྱང་རིང་རྒྱང་རིང་ཞིག་ལ་སྐྱོད་ཀྱིན
ཕྲག་དོག་དང་གནོད་སེམས་བཅངས་ནས
ཁེ་ཕན་དང་འདོད་བློ་སྲུང་ནས
ཕྱིར་མི་ཡོང་བའི་ལམ་དེ་གང་དུ་བསྙེག
བསགས་བསགས་ཀྱང ལག་སྟོང་དུ་ཡོང་དགོས
མཐོ་མཐོ་ཡང འདྲ་མཉམ་གྱིས་ཡོང་དགོས
ཁྱོད་ཀྱི་ལོག་མལ་རོ་ཁང་དེ་ཡིན
ལོངས་སུ་སྤྱོད་པར་བྱ
རང་བྱུང་གི་མཛེས་པ་ལོངས་སུ་སྤྱོད་པར་བྱ
སྙིང་ཉེ་བའི་མི་དག་ལོངས་སུ་སྤྱོད་པར་བྱ
མཛེས་པ་ནི་ལྷད་མེད་པའི་བརྩེ་བ་དེའོ
ཚེ་ལ་ནོངས་འགྱོད་དང་ལེ་བདའ་མེད་ན
གཞན་ལ་ལྷག་བསམ་དང་བརྩེ་བ་ལྡན་ན
རོ་ཁང་ནི་ངལ་གསོ་ས་ལེགས་ཤོས་ཤིག་ཡིན
སོང་སོང་ཡང ཁྱོད་རང་ཕྱིར་ལོག་དགོས
བཙལ་བཙལ་ཡང ཁྱོད་རང་ཁེར་རྐྱང་དུ་ཕྱིར་ལོག་དགོས
རོ་ཁང་ནི་ཁྱོད་ཀྱི་མཐར་ཐུག་གི་ལོག་མལ་ཡིན