མི་དང་གསེར། (ཞར་བཀོད་བཞི)
ཐོ་ཡོར། (དཀར་མཛེས)
རྡུལ་གྱི་གླིང་ཕྲན་དེ་ནས
སྐྱེ་དགུས་རྨི་ལམ་གྱི་ལག་པ་ཉི་མའི་ཕྱོགས་སུ་སྲིང
ང་གཉིད་ལས་སད་སྐབས་རྨི་ལམ་མལ་ཁང་དུ་མེད་པ་རྟོགས
མི་རྣམས་ཀྱིས་ཉི་མ་རེ་བཟུང་ནས་སྒམ་དུ་བཅུག
ཤུལ་དུ་ལུས་པ་ནི་ཉི་རྡུལ་ཕྲ་མོ་ལྟ་བུའི་གྲིབ་མ་རེད
མི་དང་གྲིབ་མ གསེར་དང་གྲིབ་མ
2015.2.19.ཉིན་བྲིས།
སྙིང་ཉེ་ལགས་རླུང་གཡུག་བྱུང་།
སྐུད་པ་ཕྲ་མོ་ཞིག་ལ་སྐྱོ་ངལ་གྱི་སེམས་པ་ཕྱེད་ཀ་བསྩལ
སྲང་ལམ་སྟོང་བར་གྱུར་པས་ས་རུབ་པ་ནི
སྐུད་པ་ཆད་པ་དང་མཚུངས
སེམས་པ་ཕྱེད་ཀ་སྨག་ནག་པའི་མཚོ་ཁུགས་སུ་ལྕེབས
ཟམ་པའི་སྟེང་གི་བྱ་ཁྱུས་བརྩེ་བ་ཁུར་རྗེས བདག་གི་རྨི་ལམ་ཧ་ཅང་ལྕི
ཟླ་བས་སྐྱེ་བ་ཕྱི་མའི་ཆར་འབབ་ཚུལ་བཤད
གྲིབ་མ་རུ་མངོན་པར་ཤར་བའི་འཆི་བ ནམ་གསལ་རག་བར་གཉིད་ལ་ཡུར་ཅིག
མཚན་གཞས་སྡུག་བསྔལ་བའི་གདུང་བ
འཛུམ་མདངས་ཀྱི་རྨ་ཁའི་གསེང་ནས་ཡུད་ཙམ་མངོན
དོ་དགོང་ཨང སྒོ་དང་སྒེའུ་ཁུང་བརྒྱབ་ནའང
ནམ་ཕྱེད་ཅིག་ལ་ངས་བརྩེ་དུངས་ཀྱི་བརྙས་བཅོས་སྤྱད་དེ
ཕྱིར་དྲན་གྱི་མཚོ་ཁུགས་སྟོང་བ་ཞིག་བཟོས
2014.12.28.ཉིན་ཁྲི་ཀ་ནས་བྲིས།
ནད་པ།
བདག་ཡོངས་སུ་བཅིངས་པའི་མེ་ལོང་ངོས་སུ བདག་ནི་ལྐོག་གྱུར་གྱི་རྔོན་པ་ཞིག
བདག་རང་ས་སྲོད་ཀྱི་ཞེ་ལོག་པའི་གཞས་གདངས་སུ་ལོག
སྐྱེ་བ་འདི་ལ་བདག་རང་ཆེས་དགའ་སའི
མི་དེའི་གཟུགས་མེད་ཀྱི་རྨ་ཁ ཇེ་ཆུང་དུ་གྱུར་ནས་མཛེས་པའི་མཆོད་མེའི་ཚུལ་དུ
སྙན་ངག་གི་རྡུལ་ཕྲན་དང བཞུར་སླ་བའི་ཚེ་སྲོག་ཏུ་གྱུར
2014.12.28ཉིན་བྲིས།
ས་མཐའ།
ས་མཐའ་ནས་ཁེར་རྐྱང་གི་བརྩེ་བ་སྤྱད་དེ ལམ་གྱི་རྡུལ་རེ་རེར་ཚ་བའི་ཡོལ་བ་འཐེན
ས་མཐའ་ནི་ནམ་མཁའ་སྟོང་བ་ཞིག་སྟེ རྨི་ལམ་འཁྲུག་པའི་སྐབས་སུ
ཆར་བ་ཟམ་ཟིམ་གྱིས་ཕ་ཡུལ་གྱི་དགུན་ཁ་ཁྱེར་ཡོང
2015.2.12ཉིན་མགོ་ལོག་ནས་བྲིས།
རྨས་མ།
--- གླུ་དབྱངས《མཛེས་པའི་འཇིག་རྟེན་གྱི་དྭ་ཕྲུག》ལ་ཉན་རྗེས།
ངས་ང་རང་གཞན་པ་དེའི་ཁོག་ཏུ་མེ་ལོང་ཞིག་བཟོས
མེ་ལོང་གི་མཐའ་རུ་འཁྱམ་ཉུལ་གྱི་ཟླ་བ་ངུ
མུན་པ་དག་ཕྱོགས་གཅིག་ཏུ
བསྡུས་པས་ངས་རང་ཉིད་བརྗེད་སོང
བྱེ་ཐང་གི་རྨི་ལམ་ཟད་ནས་ཆུ་མིག་བརྡོལ
མེ་ལོང་དུ་མཚན་མོ་ནི་སྨུག་པ་ཆེན་པོ་ཞིག་དང་འདྲ
2015.2.13ཉིན་བྲིས།