གོས་ཐགས་བཟང་དེ།

ཀླུ་འབུམ་ཚེ་རིང་། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


གོས་ཐགས་བཟང་དེ།

                                            ཀླུ་འབུམ་ཚེ་རིང་། (མགོ་ལོག)
གོས་ཐགས་བཟང་དེ
བཀྲག་མདངས་ལམ་ལམ  མཉེན་ཤིག་ཤིག
གོས་མིག་ལ་རན་པ་དེ  སུ་ལ་ཡང་འཇམ་ཞིང་མཉེན་པ་དེས
གྲལ་མགོ་ལྗིད་ཀྱིས་མནན་པ་ནས
མི་ཡུལ་གྱི་མུན་པ་ཇེ་སྲབ་ནས་ཇེ་སྲབ  འཁོར་བའི་ཁངས་ཆར་ཇེ་ཉུང་ནས་ཇེ་ཉུང

གོས་འདིའི་ཐོག་ན་དབུགས་ཐོགས་པའི་གླུ་ཞིག་ཉི་འོད་བཞིན་འཚེར་བས
སྣོད་མ་ལུས་བཅུད་ཀྱིས་ལྟེམས་སེ་ལྟེམ
གདོང་ཚང་མ་འཛུམ་མདངས་ཤིགས་སེ་ཤིག
གོས་ཀྱི་མཛེས་པ་མཁར་གྲུ་བཞིས་བསྐོར་བའི་གཞིས་ཀས་ག་ལ་ཁོགས
ཞིང་ཁ་ན་མཛེས  རྫ་འདབས་དང་སྤང་ཁུད་ན་རླུང་བུ་བཞིན་རྒྱུ
རི་རྩེ་དང་བྲག་གསེབ་ན་དར་ལྕོག་བཞིན་བསྐྱོད

མིག་གིས་མི་ཟིན་པའི་ས་རྡུལ་དག་ཐགས་རྐང་དུ་ཤུགས་ཀྱིས་འཚང་བར
ཇི་ལྟར་སྤྲུགས་ཀྱང་ཐོག་མའི་ཁ་དོག་གང་ཞིག་ལ་ཡལ་གྱིན་འདུག
ཉི་རྡུལ་གྱིས་ཟོས་ཤིང  ཆར་རྡུལ་གྱིས་གཏུབ་པས  
གོས་ཆ་ཚང་འདི་ཡུན་གྱིས་གོང་ནས་རལ  འདབས་ནས་རྙིངས  མཐའ་ནས་ཟད
དཀྱིལ་ནས་ཟགས་པ་ན  ཧྲལ་ཧྲུལ་ལྷམ་པ་རུ་གྱུར 
མལ་དུ་འབྱར་བའི་ལྷམ་པ་འདི་ལྷེམ་ལྷེམ་འདར་མཐར
གང་ཞིག་ལ་བསྣུབས་ཏེ་མི་མཐོང་བར་གྱུར

འོན་ཏེ་མཁར་སྟེང་ནས་འཕྱུར་བའི་སྔོ་ལྷོག་ལྷོག་གི་དུད་ཞགས་དེ་མཐོང་ན
གོས་བཟང་བོ་དེའི་དབུགས་རྒྱུན་ཤུལ་དུ་ལུས་པ་ཚོར་ལ
མི་ཚོས་གོས་གང་གླེང་ཞོར་དུ་ས་ཆུ་མེ་རླུང་གིས་སླར་ཡང་གོས་གསར་བ་ཞིག
ཐགས་སུ་སྐྲུན་གྱིན་པའི་ཡིད་ཆེས་ཀུན་ནས་རྙེད

                                                        2016.2.27ཕ་ཡུལ་ནས།
ངའི་སྐྲ་ལོའི་གསེབ་ཏུ་གླུ་ཞིག་གྲག་འོངས།


                                                  ལན་བུ། (ལན་གྲུ)
ཁྱོད་ཀྱི་མིག་ནང་དུ་དངོས་པོ་ཞིག་མར་ལྷུང་གིན་འདུག 
དེ་ནི་དབྱིབས་དང་ཁ་དོག་མེད་པ་ཞིག་རེད
ཡང་ན  དེའི་དབྱིབས་དང་ཁ་དོག་ནི་ཁྱོད་རེད

ཁྱོད་ཀྱི་རྩུབ་རེག་གི་ལག་པས་རོལ་མོ་ཞིག་འཁྲོལ་གྱིན་འདུག 
དེའི་ལྗིད་ཚད་ནི་མིག་ནང་གི་མེ་ལྕེ་དང་ལྡོག་ཏེ་འཁོར་གྱིན་ཡོད 
དཔེར་ན  འོད་དང་གྲིབ་མ་གཉིས་ཀྱི་བསྡུར་ཚད་ལྟར 
གསོན་པའི་དུས་ཚོད་ཀྱི་ནང་དུ་འཚང་ག་ཤིག་ཤིག་བྱེད  

ཁྱོད་ཀྱི་རྐང་པ་གཉིས་དུས་ཚོད་ཀྱི་ནང་དུ་སྤོ་བཞིན་འདུག 
དེ་ཡིས་ཧ་ཅང་འཁྱག་པའི་རླུང་ལ་སྨོན་དུ་བཅུག་སོང 
འོན་ཀྱང  ཁྱོད་ཀྱི་རལ་གྲིའི་རྣོ་དབལ་གྱི་འདབ་མའི་སྟེང་དུ 
ཞེ་འཁོན་གྱི་མེ་ཏོག་ཡང་ཡང་བཞད་ཡོད  

ཁྱོད་རང་འཕྲད་པའི་བྱ་དངོས་ཚང་མ་ནི་ཕྱེད་ཀ་རེ་རེ་རེད 
དེ་དག་རང་གི་ཕྱེད་ཀ་དང་དུས་མཉམ་དུ་བཞག་ཚེ
ངའི་སྐྲ་ལོའི་གསེབ་ཏུ་གླུ་ཞིག་གྲག་འོངས
གླུ་དེའི་ནང་དུ་དངོས་པོ་ཞིག་འཕྲེད་ཐིག་སྟེང་བསྡད་ཡོད 
དངོས་པོ་དེ་ནི་ཁྱོད་རེད 

                                                 2016.11.24


རྩོམ་ཡིག་སྔོན་མ།
མི་དང་གསེར། (ཞར་བཀོད་བཞི)
རྩོམ་ཡིག་རྗེས་མ།
དྲན་པས་ཟིན་པའི་མཚོ་སྨད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1