མ་འོངས་པ་ཞིག་ལ།
ཀླུ་རྡོར། (ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
མ་འོངས་པ་ཞིག་ལ།
ཀླུ་རྡོར། (ཀན་ལྷོ)
མ་འོངས་པ་ཞིག་ལ
འུ་གཉིས་ཀྱིས་ཕན་ཚུན་མཚོན་བྱེད་དུ
རང་རང་གི་ཁྱིམ་ཚང་ནས་མེ་ཏོག་རེ་ཉར་སྲིད་དམ
སོ་སོར་ལས་བྲེལ་ཤིན་ཏུ་ཆེ་བས
ནམ་ཞིག་མེ་ཏོག་དེ་སྐམ་འགྲོ་འམ
གལ་ཏེ མེ་ཏོག་དེ་བསྐམས་ཚེ
མིག་ཆུ་ཐིགས་པ་འགའ་ཡང་ལྷུང་སྲིད་དམ
མིག་ཆུ་དེས་རྙིད་ཟིན་པའི་མེ་ཏོག་སླར་གསོ་ཐུབ་བམ
གལ་ཏེ སུ་ཞིག་གི་བྱིས་པ་མེ་ཏོག་ལ་མ་དགའ་ཚེ
འུ་གཉིས་ཀྱང་མེ་ཏོག་ལ་མི་དགའ་བར་འགྱུར་སྲིད་དམ
རྒྱུ་མཚན་དེས
རང་ཉིད་མེ་ཏོག་གསོ་མཁན་ཞིག་མིན་པ་ཤེས་སུ་འཇུག་ཐུབ་བམ
མ་འོངས་པ་ཞིག་ལ
འུ་གཉིས་ཀྱིས་མེ་ཏོག་གི་ཚབ་ཏུ་མཚོན་བྱེད་གཞན་ཞིག་འཇོག་སྲིད་དམ
རྡོ་བའམ ཉི་མ་དང་ཟླ་བ
དེ་དག་ལ་ནམ་ཡང་སྐམ་པ་མེད་པས
འུ་གཉིས་ཀྱིས་ཚོད་ཚོད་དུ་མིག་ཆུ་རེ་གཏང་དགོས་སམ
དེ་དུས་ཁ་པར་སོགས་སུ་ཕན་ཚུན་ལ་མེ་ཏོག་རེ་ཡང་སྐུར་སྲིད་དམ
མེ་ཏོག་དེའི་མཚོན་བྱ་ཅི་ཞིག་ཡིན་པ་འུ་གཉིས་ཀྱིས་ཤེས་ཐུབ་བམ
མ་འོངས་པ་ཞིག་ལ
འུ་གཉིས་ནི་མཚོན་བྱེད་ཅི་ཡང་མེད་པ་ཞིག་ཏུ་འགྱུར་སྲིད་དམ
མེ་ཏོག་དང་རྡོ་བ་སོགས་ལ་གཏན་ནས་འབྲེལ་བ་མེད་པ་ཞིག
སོ་སོའི་མི་སྡུག་པའི་ལག་པས་གཉོར་སྲིད་དམ
༢༠༡༦.༡༠.༣༠ཉིན་ཕ་ཡུལ་ནས།