ཚ་འཁྲུལ་དང་སྨྲེ་ངག

སྐྱབས་ཆེན་བདེ་གྲོལ། (ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


ྐྱབས་ཆེན་བདེ་གྲོལ། མདོ་སྨད་རྨ་ཆུ་རུ་སྐྱེས།  བོད་ཀྱི་དེང་རབས་རྩོམ་པ་པོའམ་བརྩམས་སྒྲུང་བ་དང་སྙན་ངག་པ།  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འགན་འཛིན་པ།  ད་ལྟའི་བར་དུ་སྙན་ངག་དང་བརྩམས་སྒྲུང་སོགས་བརྩམས་ཆོས་ཉིས་སྟོང་ལྷག་སྤེལ་ཞིང་།  བརྩམས་ཆོས་སྐོར་ཞིག་དབྱིན་རྒྱ་ཡིག་རིགས་སུ་བསྒྱུར་ཏེ་པར་དུ་བཏབ།  བརྩམས་ཆོས་གཙོ་བོ་ལ་སྙན་དེབམི་ཁོམ་པའི་གནས་དང་དེའི་བདག་པོ》《མི་རྟག་པདང་།  བརྩམས་སྒྲུང་དེབ

གླུ་སྐད་སྐྱ་བོདང་།  འགྱུར་དེབདཔའ་བའི་གདེང་དང་ལྡན་པའི་ལང་ཚོསོགས་ཡོད།

 

              ཚ་འཁྲུལ་དང་སྨྲེ་ངག

 

                                      སྐྱབས་ཆེན་བདེ་གྲོལ། (ཀན་ལྷོ)

 

མིག་གཉིས་འབྱེད་འཛུམ་བྱས་པའི་འགྱུར་ཁུགས་བཞིན

སྤོས་ཕོར་ནང་དུ་ཡི་གེ་འབར་ཅིང་ཚིག

བྱི་ལ་ནད་པས  གྲིབ་རིས་ནག་སྐྱའི་ནང་ནས་ཚུར་བལྟའང

བཙའ་བར་དཀའ་བའི་བུས་པ་ལྟར

འདི་ཡི་ཕྱོགས་སུ་སླེབ་མི་འགྱུར

 

འཇིག་རྟེན་འདི་ཉིད་འབྲི་བྱེད་ཀྱི

སྣེ་མོ་རལ་བའི་ཚོན་冬ག་ཉེར་བཞི་ནི

རེས་འགར་བཏང་སྙོམས་ལ་གནས་རེས་འགར་གློག་བཞིན་འཁྱུག

 

རྟོགས་གྲོལ་དུས་མཉམ་འབྱུང་བ་བདེན་ནམ་ཅི

ཁྱོད་ཀྱིས་རང་ཉིད་སྨན་གྱི་ལྗོན་པར་བསྔགས

ཟླ་མཚན་གར་བོས་བརླ་བར་བརླན་པ་ནི

དེ་ལས་མེ་ཏོག་བཞད་པ་ཡིན་ཞེས་ཟེར

སྤྱི་བོའི་གཙུག་ལ་ཨ་ཡིག་ཅིག་བྲིས་ཏེ

དེ་ནི་རང་གི་སྐར་ཁུང་ཉིད་དུ་བསྙད

 

ཆུ་ཡི་སྟེང་ན་ཆུ་ཡི་གཉེར་མ་བཞིན

སེམས་པ་འདི་ལས་རྣམ་རྟོག་ཐམས་ཅད་མཆེད

ཉོན་མོངས་དབང་གིས་བྱ་རྣམས་རླུང་འཚུབ་བཞིན

གལ་ཏེ་མིག་ནི་ཆུང་བར་བྱས་གྱུར་ན

རྡུལ་གཅིག་ཉིད་ལས་ཁམ་བུའི་མེ་ཏོག་མཐོང

དཔེར་ན་ལས་ཀར་འགྲོ་བ་དེ

གཉིད་ལོག་བྱེད་པ་ཡིན་གྱུར་ན

སྒེག་པའི་འགྲོས་ཀྱིས་འགྲོ་བའང

ལམ་དུ་གཟེར་མ་གཏོར་བའོ

 

སྒོ་མོ་འབྱེད་ལ་ཉེ་དུས་སུ

ལྷམ་རྟིང་ཙོག་གྱོན་པའི་བུ་མོ་དེས

ཁྱོད་ཀྱི་མདུན་བཀག་ཨ་ཅེ་ལགས་ཟེར་དུས

ཁྱོད་ལ་ཞེད་སྣང་གློ་བུར་བ་ཞིག་བྱུང

ཀུ་རེ་ཉིད་ནི་དམོད་མོ་བོར་བ་སྟེ

དྲན་པའི་རྒྱུ་མ་མགྱོགས་པོར་བསྟུངས་པའང་ངོ

 

ཚོན་冬ག་ཉེར་བཞི་ད་དུང་འགུལ་མིན་ཡང

བར་སྣང་སྟོང་བའི་དབྱིངས་སུ་རི་མོ་ཝ་ལེར་གསལ

གཞོན་ནུ་མ་དང་རྒས་མོ་ཞིག

ཐག་པ་གཅིག་གིས་དམ་སྦྲེལ་ཏེ

མར་མེ་སྟོང་མཆོད་ཅིག་གི་ནང་དུ་འདུག

འོད་དང་གྲིབ་མའི་མཚམས་ཀྱི་ཡོས་བུ་སྐྱ་བོ་དེ

གཉིད་ལས་སད་ཚེ་ཆགས་སྲེད་རིལ་བུ་ཉིད

 

འགྲོ་ས་མེད་པར་གྱུར་ཚེ་དུས་ཀྱི་མཐའ་ལ་བསླེབ་བམ་ཅི

ཉི་བྱེད་ཉིད་ནི་མུན་པའི་པང་གི་སྒྲོན་མེ་ཞིག

ངེད་ཅག་དེ་ཡི་ཁོག་གི་སྲིན་འབུ་རྨ་ཅན་ནོ

ཁྱོད་ཀྱི་ཕྱག་རྒྱས

ང་ཡི་ཕྱོགས་སུ་ཤོར་བའི་མདེའུ་ཚ་བོ་དེ

བར་སྣང་ཁམས་ནས་ཝུ་བ་བཞིན་གཡེང་བཅུག

ལག་དམར་ཉིད་ཀྱི་གདོང་ལའང་ཅེར་དུ་བཅུག

ཀྭ་ཡེ་འདི་ཉིད་སྐྲག་པ་ལ་ལྟོས་དང 

ད་ལྟ་འབྲོ་བའི་དུས་ལ་བསླེབས་སོང་ཟེར

 

བྲོས་པས་མཐའ་ལ་མི་སླེབ་སྟེ

རྐང་བ་ཉིད་ནི་གཡང་གཟར་ཉིད

མཐའ་དེའང་ཚིག་དང་ཐ་སྙད་དེ

འཆི་བ་སླེབ་ཚེ་མི་མངོན་ཡལ་བར་འགྱུར

དཔེར་ན  རྨི་ལམ་ནང་གི་འཁྲི་ཤིང་ནུ་རྒྱས་མ

གྲིབ་མ་མེད་ལ་རྩ་བ་མེད་པ་བཞིན

 

སྣང་བའི་དེབ་དག  ཕྱི་ཤུན་ཁྲ་ཁྲ་དང

སྣང་བའི་འོ་མ  བསྙལ་ཀྱང་ཞོ་རུ་མི་ཆགས་སོ

རྩ་བ་མེད་པའི་སྡོང་བོ་འཕུར་ཤེས

ས་ཡོམ་མཚོ་འཁྱོམས་གང་གིས་ཀྱང་འཇིག་མི་འགྱུར

 

ཁྱོད་ཀྱི་ཚོན་冬ག་ཉེར་བཞི་བོས

ཉི་ཟླའི་ལམ་ནི་ཆ་ཤས་ཉེར་བཞིར་བྲིས

ལྷག་མར་སྐད་ཅིག་གཅིག་ཙམ་ཡོད་སྲིད་ན

ང་རང་སྲིན་འབུ་ཁྲ་རིལ་ཞིག་ལ་སྤྲུལ་ཏེ་བྲོས་འགྲོ་ངེས

ཧ་ཧ  ཅི་འདྲའི་འཆར་སྣང་དགོད་བྲོ་བོ

སྲིད་པའི་རྒྱལ་བློན་དེ་གཉིས་ཀྱང

ཁྱོད་ཀྱི་བཙོན་ལས་ཐར་དཀའ་ན

ང་དང་ང་འདྲ  ལུས་ཀྱི་རྩ་དང་ཁྲག་དམར་པོས

དམ་པོར་བཀྱིགས་པ་དག་ནི་ལྟ་ཅི་སྨོས

 

རྒོད་ལ་ཤོར་བའི་རྩིངས་པ་ནག་པོ་འདིས

ང་ཡི་རུས་པ་སྲ་མོར་བྱེད

ཆགས་སྲེད་ཕུག་པའི་ཀློང་ཡངས་ནས

མིག་མེད་སྐར་མ་མགོ་འཁོར་དེས

བ་གླང་སྨྱོན་པ་དང་འདྲ་བར

ཀུན་ལ་རྡུང་ག་རྒྱག་པར་བྱེད

 

འུར་ལྕེ་སང་ཉིན་འདོགས་རྒྱུ་ཟེར་ནས་ཟླ་བ་གསུམ་ཙམ་འགོར

འུར་མཐིལ་ཕྱི་ཉིན་བཙེམ་ཆོག་ཟེར་ནས་ལོ་ངོ་གཅིག་ཙམ་ཕྱིན

འུར་རྡོ་མགོ་ལ་སྐོར་རྒྱུ་ཟེར་ནས་མི་ཚེའི་ཕྱེད་ཙམ་ཕྱིན

ང་ཡི་རྫི་རོགས་བུ་མོ་ཁྱོད་ཉིད་ད་ལྟ་གང་དུ་མཆིས

ཚིག་ཙམ་ཁ་ནས་ཐལ་ཡང་དེ་རྗེས་ར་མདའ་མེད

མི་ཚེ་འདི་ལ་དམ་ཚིག་རྫོགས་མེད་རླུང་དུ་བསྐུར

མིག་ལམ་རབ་རིབ་སྙིང་ཆུང་སྟིག་སྟིག

དབུགས་དང་སྲེད་པ་ལྷན་ཅིག་སྒོ་རུ་འབྱིན

 

སོམ་ཉི་ཡང་ན་དོགས་མི་བདེ་བ་ནི

བྲིས་རྗེས་འགྱོད་བྱེད་ལུས་ཀྱི་གཙགས་རིས་བཞིན

སྒྲུང་བཤད་གླུ་ནི་ལེན་ཞིང་ག་ཞ་སྒྲོག་བྱེད་ཀྱང

རླུང་བཞིན་རྩ་རྒྱུས་གློད་ནས་རྒྱུག་མི་བཏུབ

 

ད་ལྟ་བེམ་ཀོག་འདིའི་ནང་ཅི་ཞིག་ཡོད

ཆང་དང་འདོད་པས་ངར་བའི་སྨྱོ་གཏམ་ནི

ཤ་མེད་རུས་ཀྲང་ནང་གི་བསེར་བུའི་སྒྲ

ན་ཆུང་སྣང་བ་སྐྱིད་པའི་གླུ

རྒྱལ་ཕམ་མི་ཤེས་རྩོད་པའི་གཏམ་གྱིས་བསྒྱེལ

 

གྲི་ནི་ལྕེ་ཡི་ནང་ནས་སྐྱེས

མདའང་མིག་གི་གཞུ་ལས་ཤོར

ཁོག་པ་སྟོང་བའི་ནང་ནས་འཚུབ་པའི་མེས

དགྲ་གྲོགས་གཉིས་ཀ་མཉམ་དུ་སྲེག

ཤེས་རབ་ཆུ་མིག་བརྡོལ་བ་མེད་པར་བྱས

 

ང་ཡི་ལྷ་ས་ཟེར་བའི་གཞས་ཆུང་ཞིག

冬ག་གླིང་ཆག་པོའི་ནང་ནས་ཨེ་གྲག་བལྟས

ཁོག་གི་སྡུག་བསྔལ་གདོང་གི་སྐྱག་འཛུམ་གཉིས

གཟའ་དང་ཟླ་བ་དུས་གཅིག་མངོན་པ་བཞིན

 

ཀྭ་ཡེ་མི་ཡུལ་འགྲིམ་བཞིན་དུ

མུན་པའི་ཆར་བར་གོམས་པའི་བུ

ཁྱོད་ཀྱི་ཆར་གདུགས་སུ་ཡིས་ཁྱེར

དེ་ཡི་ཁ་དོག་ཅི་ཞིག་ཡིན

 

རྨོངས་པའི་ཤ་དང་གཏི་མུག་ཚིལ་ཐུམ་གྱིས

ཡོངས་སུ་མནན་པའི་ཁྲག་འདི་དག

ནད་དང་གདོན་གྱིས་ཟིན་པ་ལ

དྲག་པོའི་སྔགས་རྣམས་འདེབས་པ་བཞིན

རང་དབང་ཆོས་ཀྱི་ཁམས་གསལ་ཕྱིར

གྲེ་བ་བསང་བཞིན་གླུ་བླངས་པ

 

 "ངས་ཁ་སང་ལྕགས་ཀྱི་དྲ་བ་བརྒལ།།

ཅུང་མིན་ཚེ་མུན་དོང་ནང་ལ་ལྷུང་།།

དུས་ད་ལྟ་སྡོང་བོའི་གྲིབ་བསིལ་འོག །

ངས་རོགས་པའི་རྨ་ཁ་དཀྲི་བཞིན་ཡོད།།

ཁོས་ང་ལ་ལེ་བདའ་རྫོགས་མེད་བཏང་།།

ཉི་མ་ནུབ་ཁའི་སྤྲིན་འོག་ནས།།

གླང་རྒན་ཞིག་ལངས་ཏེ་ལྷས་ལ་སོང་།།

རི་བོང་ཞིག་ཤར་རེར་སྒང་ལ་བརྒྱུགས།།

 

ངའི་ལག་པའི་ཤེད་དང་དམིགས་འདུན་ནི།།

ནམ་མཁའ་ཁ་གདངས་འདིས་འཁྱེར་བ་འདྲ།།

ངའི་སེམས་ཀྱི་ནོར་དང་དད་འདུན་འདི།།

ས་གཞི་གཅེར་བུ་འདིས་འཕྲོག་པ་འདྲ།།

ངའི་རོགས་པས་རྒྱབ་ཀྱི་གངས་རིར་ལྟ།།

ཀི་འདེབས་ཀྱང་མགྲིན་པ་ཡང་ཡང་བརྣངས།།

གངས་འདབས་ཀྱི་ལྗོན་པ་ཐར་ཐོར་ནང་།།

ཁོའི་བླ་ཤིང་ལུས་པ་ཨེ་ཡིན་ནམ།།

 

མུན་པས་རྡུལ་གྱིས་བཏགས་པ་ཡིས།།

གོས་དེ་གྱོན་ནས་གཉིད་དུ་ཡུར།།

ནམ་གུང་ལ་བྱུ་རུའི་ཕྲེང་བ་ཡི།།

དུང་གི་བརྒྱ་དཔོན་བོར་རྨིས་ནས།།

སད་ཀྱང་སྟེང་ན་ཐོག་གོས་ཤིག །

ཐོག་གོས་དེ་ནི་རྨི་ལམ་ཞིག །

ཅི་ཙམ་འཕག་འཚག་བྱས་ནའང་།། 

རྨི་ལམ་བརྩེགས་མ་ལས་ཐར་མ་ཐུབ།།

 

སྐད་མཐོན་པོས་རོགས་པར་བོས་པ་ན།།

རོགས་པ་ཟེར་བ་ཞིག་མི་འདུག་གོ །

ཐང་སྐྱ་མོ་རྡུལ་འཚུབ་ཉིལ་ལེ་བ།།

ངའི་མཐའ་རུ་བསྐོར་བའི་ལྕགས་རི་འདྲ།།

རུས་པ་དང་ཤ་ཁྲག་དེར་བསྐྱུར་ནས།།

རྣམ་ཤེས་འབྲོ་རྒྱུ་བྱུང་ན་སྙམ།།

སེམས་ཁྲལ་དང་གདུང་བ་དེར་བསྐྱུར་ནས།།

ལུས་ལ་གཤོག་པ་ཐོགས་ན་སྙམ།།

 

འདི་འཆི་བའི་འཇིགས་པ་རེད་སྙམ་སྟེ།།

ས་སྐྱ་བོའི་ནང་དུ་རྐང་རྗེས་དཔར།།

འོན་ཏང་རྐང་རྗེས་ཟབ་མོ་དེ།།

སྙིང་ལ་རྨ་ཁ་དཔར་བ་འདྲ།།

རྣ་བ་གས་པའི་འུར་སྒྲ་འབྱུང་།།

རང་ལུས་ལྕགས་བྱར་གྱུར་པ་འདྲ།།

སེམས་ནི་ཐག་པས་བཏགས་པ་འདྲ།།

མཆུ་ཏོའང་ཐ་གུས་བསྡམས་པ་འདྲ།།

 

དེ་ལྟ་མོད་རང་དབང་གཡུ་ཡི་མཚོ།།

ལྷ་སྒྲོལ་མ་ཁྲུས་ལ་འཇུག་ས་དང་།།

གཉན་ཆེན་པོའི་གནས་ཚང་ཡིན་མཐོང་ནས།།

གོམ་སྟབས་སྒྱུར་བའི་གྲབས་བྱས་ཀྱང་།།

རྐང་བ་ཤུལ་དུ་ལུས་འདུག་གོ །

སེམས་ནི་མདུན་དུ་རྒྱུ་བྱེད་ཀྱང་།།

ལུས་པོས་རྒྱབ་ནས་འཐེན་པར་བྱེད།།

ཨ་ཁ་ཁ་འཁོར་བའི་མུ་ཁྱུད།།

ཨ་ཙི་ཙི་གདུག་པའི་བཙོན་ར།།"

 

གླུ་དེས་ཁྱོད་དང་ངའམ་ཁོ་དང་ཁོང་མོའི་རྣ་བ་བཀས

མེ་ཏོག་རྣམས་ནི་འཁྱག་རོམ་གཟེབ་ཏུ་བཅུག

མཛེས་མའི་ལུས་ཀྱི་དཀྱིལ་འཁོར་ཡང

ནད་ཀྱིས་ལྕི་ཞིང་གཉེར་མས་ཁེབས་པར་བྱས

 

ཤུལ་དུ་ལུས་པའི་གོ་ལ་རྨ་ཁ་ཅན

ཨེ་ཙི་ནད་པ་དག་གི་སྨན་ཁང་སྟེ

རྒྱང་མཐོང་ནང་ནས་རྒྱུ་སྐར་བྱེ་བ་བརྒྱ

མཐོང་ཡང་ཁྱོད་ཀྱི་རྟ་ར་ན

འོད་ཀྱི་རྟ་དེ་ཡོད་མི་འདུག

གཤོག་པ་ཅན་གྱི་གནས་མོའང་ཡོད་མི་འདུག

 

བྱིས་པ་གློག་གི་མེ་ལོང་ལ

ཧད་ཅིང་དེའི་ནང་གློག་གི་རི་དྭགས་རྒྱུ

འབྲོང་རྭའི་གཞུ་མཆོག་ས་ལ་ཐིམ

དེའི་སྟེང་ལྕགས་ཀྱི་གྲོག་མ་རྒྱུ

མི་རེའི་བར་དུ་སེང་རས་སྲབ་མོ་རེ

ཡིན་ཡང་སོ་སོའི་གདོང་ནི་མཐོང་མི་འགྱུར

 

ཁྱོད་ལ་དགོས་ན་ང་ཡི་སྙིང་ནི་འདི་ཡིན་ཞེས

རྐང་ལག་གཟེར་མས་བསྒྲོགས་པའི་སྡིག་སྲིན་ཞིག་སྟོན་དུས

ཁྱོད་ཀྱི་སེམས་པ་ཕྱི་ནི་ཁྲག་དང་ནང་སྙིང་དཀར་པོ་དུང་འདྲ་དེ

རིན་གོང་མེད་པར་ཁྲོམ་དུ་བཤམས་པ་འདྲ

སྐྱེད་ཆེའི་བུ་ལོན་མང་པོ་དང

རྡིབ་པའི་ཚོང་ཁང་མང་པོ་དང

སྦྲེལ་ཐག་ཆད་པའི་མེ་འཁོར་ཁང་མིག་མང་པོ་དང

ནོར་བུ་བོར་བའི་གྲུ་གཟིངས་མང་པོ་དང

མངོན་དུ་མ་གྱུར་དུས་ཆད་མང་པོ་དང

མི་རྒྱུད་ཆད་པའི་མི་རིགས་མང་པོ་དང

ཞུ་བའི་གངས་རི་མང་པོ་དང

བཞུས་པའི་གསེར་དངུལ་མང་པོ་དང

འཁྱམ་པའི་རྣམ་ཤེས་མང་པོ་དང

ཡལ་བའི་བྲག་ཅ་མང་པོ་དང

གོ་བ་ལོག་ལེན་མང་པོ་དང

མཆུ་བསྡམས་ངག་བཅད་མང་པོ་དང

བསུབས་པའི་ལེགས་བཤད་མང་པོ་དང

མ་བསུབ་ཉོག་བཤད་མང་པོ་དང

དགོས་མེད་རྒྱལ་མཚམས་མང་པོ་དང

ཐ་སྙད་ལྕགས་ར་མང་པོ་དང

ཟས་སུ་བདེན་དོན་བཟའ་བ་མང་པོ་དང

ཟས་སུ་མངལ་དང་ངར་སྣབས་ཟ་བ་མང་པོ་དང

བསྐལ་བའི་དོང་ནག་ནང་གི་གཟུགས་ཀྱི་གཡུལ་འཁྲུག་མང་པོ་ཡིས

རླུང་འཚུབ་འདི་གྲུབ་དེ་ཡིས་ཆམ་ནད་བསྐྱེད

ང་ལ་ཚ་འཁྲུལ་འབྱུང་བཅུག་ནས

སྨྲེ་ངག་འདི་དག་ཁྱོད་སར་བསྐུར

 

                                ༢༠༡༧ལོའི་ཟླ༢པར་བརྩམས་གྲུབ། 

 


རྩོམ་ཡིག་རྗེས་མ།
སེང་གེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1