སེང་གེ།
སྐྱབས་ཆེན་བདེ་གྲོལ། (རྨ་ཆུ)
སེང་གེས་ང་ཡི་རྣམ་ཤེས
བེམ་རོ་ཞིག་ལྟར་དྲུད་ནས་འགྲོ་བཞིན་ཡོད
སེང་གེས་ང་རྒྱལ་གྱི་གོམ་པ་སྤོ་སྐབས
ནགས་ཚལ་རྗེས་སུ་ཁྲིད་ཡོང
སྙན་ངག་གང་དང་གང་ཞིག་ཡིན་རུང་། མཚན་ཉིད་རིག་པའི་ལྟ་གྲུབ་ཀྱིས་ཕྱུག་པའི་བརྩམས་ཆོས་ཤིག་གམ། བསམ་བློའི་ཕྲ་ཕུང་མཐའ་དག་གིས་ཁྱོགས་པའི་སྒྱུ་རྩལ་དུ་རློམ་མི་དགོས་ཏེ། སྒྱུ་རྩལ་གྱི་རིགས་སུ་གྱུར་པའི་བརྩམས་ཆོས་གང་དང་གང་ཞིག་གི་སྒྲོམ་གཞི་རུ་འཇིག་རྟེན་གྱི་མངོན་ལྐོག་ཡོད་ཚད་ཀྱི་ཤེས་བྱ་མཚོན་མི་བཏུབ་ཅིང་། དེ་ནི་ཡུལ་ཅན་གྱི་ཤེས་པའི་ཚད་བཀག་རང་བཞིན་དང་ཡུལ་གྱི་གནས་ཚོད་ཀྱིས་ཕྱང་བཅད་ནས་ཡོད། ལར་སྙན་ངག་ནི་སྤམ་མཐོ་བའི་མཚན་ཉིད་རིག་པ་ཟེར་ཡང་། འདིའི་སྐབས་སུ་མཚན་ཉིད་རིག་པ་དེ་རྒྱ་ཆེ་ས་ཞིག་ཏུ་བལྟས་ཏེ་དཔེར་ན་ཟ་ལུགས་འགྲོ་ལུགས་སོགས་ཀྱང་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་ངང་གིས་འདུས་ཤིང་། མཚན་ཉིད་རིག་པ་ཟེར་བ་དེའང་བྱ་དངོས་ཀྱི་ངོ་བོར་སྙོབ་བྱེད་ཀྱི་ཐབས་དང་ཤེས་རབ་དེ་ཡིན་པ་ལས་གསེར་ནག་གི་ཞུན་མ་ལྟ་བུའི་དོན་རྡོག་རྡོག་པོ་མ་ཡིན། དེ་ལྟའི་དོན་རྡོག་རྡོག་པོ་དག་ནི་མཚན་ཉིད་རིག་པའི་ཐབས་ཤེས་ལས་བྱུང་བ་ཞིག་ཡིན་ལ། སྙན་ངག་གིས་ཀྱང་དེ་ལྟའི་བསམ་བློ་དག་ཐད་ཀར་དུ་བརྗོད་པ་མ་ཡིན་པར་དཔེ་དང་སྣང་བརྙན་གྱི་རྒྱུན་བུར་བརྒྱུས་ནས་སྟོན་པ་ཡིན་ནོ།།
ནང་སྒོས་སུ་སྙན་ངག་གིས་བྱ་དངོས་ཡོངས་ཁྱབ་ཀྱི་ངོ་བོ་དེ་མཚོན་ནུས་པ་ཞིག་མ་ཡིན་པར་ཡུལ་དང་ཡུལ་ཅན་གྱི་ངོ་བོ་ཆིག་རྐྱང་བ་ཞིག་མ་གཏོགས་མཚོན་མི་ཐུབ་ཅིང་སྙན་ངག་ཐུང་ངུ་ཡིས་ནི་དེ་བས་ཀྱང་སྨོས་ཅི་ལ་དགོས། སྙན་ངག་འདི་ཐེ་བའི་སྒྱུ་རྩལ་བརྩམས་ཆོས་དག་འུ་ཅག་གི་བློ་ཡི་ལྕིགས་ཚོད་ཀྱི་སྡིངས་ཆ་རུ་བཞག་སྟེ་བསམ་གཞིག་བཏང་ན་ང་ཚོ་ལ་རང་གི་བློ་དང་འགབ་པའི་མྱོང་སྣང་རེ་སྐྱེས་པ་ཡིན། དེ་ལྟར་སྙན་ངག་པའི་སྐབས་དོན་གྱི་སེམས་འགྱུ་དང་སྐད་ཆའི་སྤྲོས་བརྗོད་ཀྱི་ཚད་བཀག་རང་བཞིན་གྱིས་སྙན་ངག་གི་བསྟན་དོན་ལའང་ཚད་བཀག་རང་བཞིན་ཐེབས་ཡོད་པ་ཡིན་ཕྱིར། སྙན་ངག་དེས་ཀུན་རྫོབ་ཀྱི་ཁྱབ་ཁོངས་མཐའ་དག་མ་ལུས་པར་མཚོན་ཡོད་སྙམ་སྟེ་དེར་རང་གི་བློ་གྲོས་འཇུག་མ་ཐུབ་པའམ། ཡང་ན་སྙན་ངག་གང་དེའི་བསམ་བློ་དང་སྒྱུ་རྩལ་གྱི་ཟུར་སྣེ་ཞིག་རྙེད་པའི་སྐབས་གླགས་དེར། འདི་འདྲ་ཞིག་ཡིན་མི་སྲིད་སྙམ་པའི་བློ་དེས་སྙན་ངག་གི་དགོངས་པ་རྙེད་པར་འགལ་རྐྱེན་བཟོས་ཡོད་པར་སྙམ།
དེར་བརྟེན་སྙན་ངག་འདི་རང་བློའི་འཆུན་ཚོད་ཀྱི་གཟིངས་ལ་བཞག་སྟེ་དཔྱད་ན། ད་གཟོད་རང་གི་ཁམས་དང་འཕྲོད་པའི་བྲོ་བ་ཞིག་རྙེད་འོངས་པ་ཡིན་ཏེ། སྙན་ངག་འདིས་ཐ་སྙད་སེང་གེའམ་སེང་གེའི་བྱ་བྱེད་ཀྱི་གྲུ་ཞིག་ཐར་ཆགས་སུ་ཕྱུང་སྟེ་སྤྱི་ཚོགས་ཀྱི་གནས་ཚུལ་ལམ་འདུ་ཤེས་འཛིན་སྟངས་སྟོན་སྙམ་པ་དེ་རེད། སྤྱིར"སྒྱུ་རྩལ་རྩོམ་རིག་ནི་ཚིག་གི་སྒྱུ་རྩལ་ཡིན"ཞེས་པ་ལྟར་སྙན་ངག་གིས་ཀྱང་ཚིག་སྦྱོར་གྱི་ཐད་ནས་ངེས་པར་དང་དོད་བྱེད་དགོས་ཤིང་ཚིག་གི་སྙན་ཆ་ཁུར་དུ་འདེགས་དགོས་མོད། ད་ལྟ་རང་མོས་སྙན་ངག་གི་མཛེས་པ་དེ་ཚིག་གི་སྟེང་ནས་མངོན་དགོས་པའམ་ཚིག་གི་སྦྱོར་བའི་ཐད་ནས་སྙན་ངག་ལ་དཔྱད་དགོས་ཤེ་ན་དེ་ནི་ཨུ་ཚུགས་ཤིག་སྟེ། སྔོན་ཆད་སྙན་ངག་ལ་གདེང་འཇོག་བྱེད་ཚེ་ཚིག་སྦྱོར་དེའང་ཕུ་དུད་བཀུར་ཡོད་མོད། ད་ལྟའི་དུས་སུ་སྐད་ཆ་ནི་སྙན་ངག་པའི་བསམ་བློ་དང་དགའ་སྡུག་གི་དྭངས་མ་འབྱོ་སའི"སྣོད"ཅིག་ལ་ངོས་བཟུང་ཡོད་པ་ཡིན་པས། རང་མོས་སྙན་ངག་གི་ཐོག་མའི་དུས་རིམ་དང་ད་ལྟའི་དུས་རིམ་གཉིས་ཀྱི་ཚིག་སྦྱོར་གྱི་ངོས་འཛིན་སྟངས་ལ་ཧེ་བག་ཤོར་ཡོད།
སྐྱབས་ཆེན་བདེ་གྲོལ་གྱིས་ཀྱང་སྙན་ངག་གི་སྐད་ཆར་རྒྱན་མི་སྤྲས་པར་སྐད་ཆ་དེ་ཉིད་སྣོད་ཅིག་ལ་ངོས་བཟུང་སྟེ་冬ག་ཁ་བསྐོར་ཅིང་བསྟན་དོན་དེ་ཉིད་སྐད་ཆ་དཀྱུས་མའི་འགྲོན་བུར་བཅུག་ནས་བརྗོད་པ་ལ་ལྷུར་ལེན་བགྱིད་ཀྱིན་ཡོད་ལ། སྙན་ངག་འདིའང་དེ་ལས་མ་འདས་ཏེ། སྙན་འཇེབས་ཀྱི་ཚིག་སྦྱོར་རམ་དབྱངས་འགྲོས་ཀྱི་ཆ་དེ་གཙུགས་སུ་བཟུང་མེད་པར་སྐད་ཆ་ཕལ་བ་དང་ཐ་སྙད་དུ་མའི་ལྷུ་ལག་དག་འཕལ་ག་འཕྲོད་པར་བྱས་ནས་རང་གི་བསྟན་དོན་དེ་ཉིད་སྐད་ཆ་ཕལ་བ་དེ་དག་གིས་སྦྱངས་བརྡུངས་བྱས་པའི་བརྩམས་ཆོས་ཀྱི་སྣོད་དུ་བླུགས་ཡོད། དེ་བས་ན《སེང་གེ》ཞེས་པའི་བརྩམས་ཆོས་འདི་ནི་སྣོད་དེ་ཡིན་ཞིང་སྙན་ངག་པས་དེ་ལ་རང་གི་བསམ་བློ་དེ་ཉིད་བཅུག་སྟེ་བརྩམས་ཆོས་འདི་གྲུབ་པར་བྱས་ཡོད་དེ། སེང་གེས་ང་ཡི་རྣམ་ཤེས་བེམ་རོ་ལྟར་འདྲུད་ཀྱིན་འདུག་ཅེས"སེང་གེ་དང་ང་། རྣམ་ཤེས་དང་བེམ་རོ"བཅས་ལ་ལས་ཚིག་དང་མཚུངས་གསལ་གྱི་སྒྲ་ཡིས་དཀྱུས་གཅིག་ཏུ་བརྒྱུས་ཏེ། ང་ཡི་རྣམ་ཤེས་དེ་ཉིད་ལ་རྣམ་པར་ཤེས་པ་དང་འདུས་ཤེས་པ་དང་འདུ་བར་བྱེད་པའི་ཆོས་ཀྱི་མཚན་ཉིད་ལྡན་ནའང་། སྟོབས་དང་ལྡན་པ་དང་རྩུབ་ཅིང་བརླིང་བ་གང་དེའི་འཁོར་ཞབས་སུ་བེམ་པོ་ཞིག་ལྟར་རང་དབང་མེད་པར་སུ་ཡིས་གང་དུ་དྲུད་ཆོག་ཆོག་ཏུ་འདུག་ལ། ཉམ་ཐག་གི་སྐྱེ་བོ་དང་ཉམ་ཆུང་གི་ཚོགས་སྡེ་གང་རུང་དེ་དུས་རྟག་ཏུ་སེང་གེ་ལྟ་བུའི་གཏུམ་ཞིང་བཙན་པ་དག་གིས་གང་དུའང་ཁྲིད་ཆོག་ཆོག་ཏུ་ཡོད་པ་བསྟན་ཡོད། དེ་བས་ཀྱང"འགྲོ་བཞིན་ཡོད"ཅེས་བྱེད་ཚིག་ད་ལྟ་བ་བེད་སྤྱད་པ་དེས་སྣང་བརྙན་སློང་སྐྲུན་གྱི་ཆ་ལ་སྐྱོར་མ་བྱས་འདུག གང་ལྟར་དབང་དང་འབྱོར་བ་ལྡན་པ་དག་གིས་བེམ་རོ་ལྟར་འདྲུད་ཀྱིན་པ་ང་ཁོ་ན་མིན་པ་དང་ང་ཡང་དེ་ལྟར་དྲུད་པ་ནི་རང་དབང་མེད་པས་ཡིན་པ་གསལ་བར་བྱེད་པའི་ཕྱིར་དུ་འོག་གི་ཚིག་རྐང་གཉིས་ཐག་ཞོར་འབྲེང་འདྲུད་ཀྱི་ཚུལ་དུ་ཐོན་ཡོད་དེ། ཐ་སྙད"ང་རྒྱལ་དང་གོམ་པ། ནགས་ཚལ"སོགས་ཀྱིས་རང་དབང་མེད་པའི་རྒྱུ་རྐྱེན་དེ་གསལ་བར་བྱས་འདུག་སྟེ། རྣམ་པར་ཤེས་པ་གྲངས་མེད་པ་དག་བེམ་རོ་ལྟར་འདྲུད་ཀྱིན་པ་ནི"ནགས་ཚལ་ཡང་རྗེས་སུ་ཁྲིད་ཡོང"ཞེས་པས་རོགས་འདེགས་བྱས་ཡོད། དེ་ལྟར་ནགས་ཚལ་ལྟར་གྲངས་མེད་པའི་བེམ་པོ་གང་བྱུང་དུ་འདྲུད་ཐུབ་པས་སེང་གེས་ད་གཟོད་ང་རྒྱལ་གྱི་གོམ་པ་སྤོས་པ་རེད་ལ། སེང་གེས་ང་རྒྱལ་གྱི་གོམ་པ་སྤོས་པ་ན། སླར་ཡང་ནགས་ཚལ་ཇི་བཞིན་རྣམ་ཤེས་གྲངས་མེད་པ་དག་བེམ་པོ་ལྟར་དྲུད་ཡོང་བ་ཡིན་པས། ང་ཁོ་ནའི་རྣམ་ཤེས་བེམ་པོ་ལྟར་འདྲུད་ཀྱིན་པ་མིན་པ་དང་། ཡོད་ཚད་དེ་ལྟར་གྱུར་པས་ང་ལའང་བཟློག་ཐབས་མེད་པའི་རྒྱུ་རྐྱེན་ནམ་ད་ལྟའི་ཁྱོན་ཆེ་བའི་སྤྱི་ཚོགས་འདིའི་གནས་བབ་དང་ངོ་བོ(ཡང་ན་འདས་ཟིན་པའི་སྤྱི་ཚོགས་ཀྱི་འཕེལ་རིམ་གྱི་ངོ་བོ)ནི་ཚུལ་དེ་འདྲ་ཡིན་པ་སྙན་ངག་ཐུང་ངུ་འདིས་རྩོད་སྒྲུབ་ཀྱི་ལམ་ནས་བསྙད་ཡོད་ལ། དེ་བས་ཀྱང་ཉམ་ཆུང་དག་སྟོབས་ལྡན་གྱི་དབང་དུ་ཚུད་ཐེངས་རེར་སྟོབས་ལྡན་གྱི་དབང་ཤུགས་ཆེ་རུ་རྒྱས་ཤིང་། སྟོབས་ལྡན་དག་གི་དབང་ཤུགས་ཇི་ལྟར་ཆེ་རུ་རྒྱས་ན་དེ་ལྟར་ཉམ་ཆུང་དག་སྟོབས་ལྡན་གྱི་དབང་དུ་དཀྱུ་སླ་བ་ཡིན་པའི་རྩོད་སྒྲུབ་ཀྱི་རིག་པ་འདིའང་ཟུར་དང་གཞོགས་ནས་བསྟན་ཡོད་པར་སྙམ།
སྤྱིར་སྙན་ངག་ནི"ལག་ཆ"ལ་ངོས་འཛིན་པའམ"སྣོད"དུ་ངོས་འཛིན་པའི་ལྟ་བ་འདི་ལ་དགེ་མཚན་ཞིག་ཡོད་པ་ནི་སྙན་ངག་པར་བཀག་རྒྱ་ཅི་ཡང་མེད་པར་རང་ཉིད་ཀྱི"བསམ་བློ"དེ་ཉིད་གོ་རིམ་ཡོད་མེད་ཅི་རིགས་ངང་སྙན་ངག་ཅེས་པའི"སྣོད"དུ་ལྡུག་ཆོག་ལ།"བསམ་བློ"སོགས་ཅི་ཡང་མ་བླུགས་པར"སྣོད་སྟོང་བ་ལ་དབུགས་འགེངས་པའི"ཚུལ་དུའང་བྱས་ཆོག་མོད། གོ་རིམ་ཡོད་པར་གྱུར་པས་སྙན་ངག་གི་ཁམས་ཇེ་ཡངས་སུ་གཏོང་བ་དང་ཀློག་པ་པོས་ཀྱང་ཉམས་ཞིབ་ཅུང་ཟད་བྱེད་བདེ་ཞིང་བསྟན་དོན་གྱི་རིམ་པ་དེ་ཅུང་ཙམ་རྙེད་སླ་བ་ཡིན། གོ་རིམ་མེད་པར་གྱུར་པས་ཀློག་པ་པོའི་ལྟ་ཀློག་གི་རིགས་ལམ་ལ་ཕོག་ཐུག་གཏོང་བའམ་བརྗོད་རྙིང་གི་འདམ་ང་བྱེད་ཁག་པར་གྱུར་ཅིང་ཡང་སྙིང་ཅི་ཞིག་བརྗོད་ཀྱིན་པར་ངེས་པ་མི་རྙེད་པར་འགྱུར་བ་ཡིན། སྣོད་སྟོང་བ་ལ་དབུགས་འགེངས་པའི་ཚུལ་དུ་བྱས་ན་ཅི་ལྟར་བསྙབས་ཀྱང་ཅི་ཡང་མེད་མོད། ཅི་ཡང་མི་འདུག་ཅེ་ན་ཅི་ཞིག་གིས་བཀང་འདུག་སྙམ་སྟེ་སྙན་ངག་དེར་གོ་བ་ལེན་མ་ཐུབ་པས་ཀློག་པ་པོར་གོ་དཀའ་བར་གྱུར་པ་རེད། དེ་བཞིན"ལག་ཆ"རུ་ངོས་བཟུང་ནའང་ལག་ཆ་དེ་ཉིད་ཀྱིས་བསྟན་པའི་བསམ་བློ་དེར་ངེས་ཤེས་འདྲོང་ཐུབ་ནའང་སྙན་ངག་པས་ལག་ཆ (མཚོན་ཐབས)གང་ཞིག་བེད་སྤྱོད་བྱས་པ་དེར་ངེས་ཤེས་མ་རྙེད་པས་བརྩམས་ཆོས་སྤྱིའི་ཆ་ནས་གོ་བ་བདེ་བླག་ངང་ལེན་པར་གེགས་བྱས་ཡོད་པར་མ་ཟད། སྙན་ངག་དེ་ལག་ཆ་རུ་ངོས་བཟུང་བ་དེས་ཚིག་སྦྱོར་གྱི་མཛེས་པ་དང་དབྱངས་ཀྱི་འདེགས་འཇོག་གི་ཆ་ལ་དང་དོད་མི་བྱེད་པར་ཚིག་སྦྱོར་གྱི་གྲིམ་ཤ་དང་ཐ་སྙད་ཀྱི་སྡེབ་སྒྲིག་པ་ཁོ་ན་གཙིག་ཏུ་བཀུར་བར་བྱེད་ལ།"སྙན་ངག་ནི་ལག་ཆའོ"ཟེར་དུས་སྙན་ངག་ནི་བསམ་བློ་གང་དེ་སྒྲོག་པར་བྱེད་པའི་ཐབས་ཏེ་སྙན་ངག་ནི་མ་གཞི་ནས་མཚོན་ཐབས་སོ་ཟེར་བ་དང་གཉིས་སུ་མ་མཆིས་ཤིང་། འདི་ལྟར་གྱུར་ན་སྙན་ངག་གི་རྣམ་ཤེས་ཏེ་སྙན་ངག་པའི་ཐུན་མིན་གྱི་ཚེ་སྲོག་གི་མྱོང་སྣང་དེ་ཉིད་ཉམས་དམས་པར་བྱེད་དེ"མཛེས་མ་སྒྲེན་མོར་རྒྱུ་བ་དང་མཚུངས"པས། སྙན་ངག་གི་རྣམ་ཤེས་ལམ་མེར་འཚེར་བྱེད་ཀྱི་ཚིག་སྦྱོར་གྱི་འོད་སྣང་ལའང་བསྟི་སྟངས་བྱེད་དགོས་པར་སྙམ་སྟེ། རྗེ་རིན་པོ་ཆེ་ནས་ཀྱང"དོན་བཟང་པ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས།། སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར།།"ཞེས་གསུངས་པ་ལྟར་རོ།།
མདོར་ན། སྙན་ངག་འདིའི་ཁྱད་ཆོས་ནི་ཐུང་ངུའི་ནང་དུ་རིང་པོའམ་ཆུང་ངུའི་ནང་དུ་ཆེན་པོ་ཤོང་བའི་ཐབས་རྩལ་དང་། ཟུར་དང་ཤུགས་ནས་རྩོད་སྒྲུབ་ཀྱི་རིག་པ་ལ་བརྟེན་ནས་མཚན་ཉིད་རིག་པའི་བསམ་བློ་ཞིག་བསྟན་ཡོད་པ་དེ་ལས་སྐད་ཆའི་མཛེས་པ་དང་སྙན་ངག་གི་རོ་བྲོའི་སོགས་ཀྱི་སྟེང་ན་མེད་པར་སྙམ།།
༢༠༡༦ལོའི་ཟླ༤པའི་ནང་དུ་དགེ་རྒྱས་སུ་སྦྱར།
༢༠༡༦ལོའི་ཟླ༡༢པའི་ཚེས༡༨ཉིན་ཞི་ཨན་ནས་རྫོགས་པར་བྱས།