མེ་ལོང་ཆག་རོའི་ནང་གི་གཟུགས་དང་གྲིབ་མ། (སྙན་ཚོམ)

ཉྭ་སྲིན་པོ། (ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


མེ་ལོང་ཆག་རོའི་ནང་གི་གཟུགས་དང་གྲིབ་མ།  (སྙན་ཚོམ)

                                         ཉྭ་སྲིན་པོ། (ལན་གྲུ)

                      ལྷ་ས།
 འུ་གཉིས་ཀའི་བར་ཐག
 ལྕགས་ལམ་རིང་མོ་ཞིག་གིས་ཆོད
ཁྱོད་རང་ཉི་མ་ཤར་ཕྱོགས་སུ་ཡོད
ང་རང་ཉི་ནུབ་ཀྱི་ས་ཚིགས་མཐའ་མར་གནས

 རྨི་ལམ་དུ་སེང་གེ་ཁྱུ་དང་ཁྱུ་ཞོགས་ནས
 ནགས་ཚལ་ཆེན་པོ་ཞིག་ཏུ་འདྲེས
 རྟ་མཆོག་དང་གོ་མཚོན
 དམག་དཔུང་གི་གད་རྒྱངས་ཀྱིས་མུན་པ་གཏོར
རྨི་ལམ་དེའི་དབང་གིས
ཁྱོད་ཁོ་ན་འོད་སྣང་དུ་བསྒོམས

 གམ་དུ་གཅར་ཚེ
  ཉི་འོད་བོར་འགྲོ་བའི
 མུན་པའི་གྲོང་ཚོ
 ཁྱི་དང་ཁྱི་ཡི་གྲོང་ཚོ

 ཕོ་བྲང་གི་རྩིག་པའི་ཕྱི་ནང་དུ
 བདག་གི་རྨི་ལམ་ཤར་མི་འདུག
 ཁྲོམ་དང་ཁྲོམ་ཆེན་པོ་དག་གི་འདུ་འཛིར
 བདག་གི་རྨི་ལམ་ཤར་མི་འདུག
 རྨི་ལམ་དེའི་དབང་གིས
མི་ལོ་ཉེར་བདུན་རྗེས་ཀྱི་དོ་ནུབ
བདག་གིས་ཁྱོད་ཁོ་ན་བཙལ
རྨི་ལམ་གྱི་མཁའ་དབྱིངས་ནས་བོར་སོང་བའི
སྐར་མདའ་ཁྱོད་ཁོ་ན་བཙལ

    ཨ་ཅེ་སྣང་ས་ཟེར་བའི་ཆང་ཁང་དེ་རུ།
རོལ་དབྱངས་ཀྱི་འགྱུར་ཁུགས་ལ་སིམ་པ
འུ་གཉིས་ཁོ་ན་ག་ལ་ཡིན
བརྩེ་དུངས་ཀྱིས་ཕྱི་བརླན་ནང་བརླན་བྱས་པ་ཡང
འུ་གཉིས་ཁོ་ན་ག་ལ་ཡིན
ཡིན་ན་ཡང  ལོ་ཟླ་དེ་དག་ལ་བརྗེད་རྒྱུ་ཞིག་གང་ན་ཡོད
མི་ལོ་དྲུག་གི་ཡར་སྔོན་ཏེ
སེམས་ཀྱི་ནགས་ཚལ་མེ་ལ་ཤོར་བའི་དུས་ཚིགས་དེ་དག
བརྗེད་རྒྱུ་ཞིག་ག་ལ་ཡོད

མདུན་ཅོག་ནར་མོ་འདིའི་ཁ་གཏད་དུ
ཕན་ཚུན་གྱི་དབུགས་རྒྱུན་ལ་ཉན་པ་འདི་ཇི་འདྲའི་མཛེས་ཨང
དྲང་མོར་བཤད་ན
ངས་ཅི་ཡང་ཤོད་མ་སོང
དཀྱུས་རིང་བའི་མིག་ཟུར་ཕྲ་མོས
ད་ལྟའང་ད་དུང་ལུས་སེམས་སྦྲིད་པར་བྱེད
སྨྲ་བ་ཁེགས་དུས་ཀྱི
བཞིན་མདངས་དེས་ཀྱང་ད་དུང་ཞེ་རྩ་དྲོ་བར་བྱེད

ཅི་ཞིག་བརྗོད་འདོད་པ་དེའི་དབང་གིས
ངས་མིང་ལ1664ཟེར་བའི་ཧྥ་རན་སེའི་ཝུ་ཆང་དེ་མང་དུ་མཆོད
སྐད་ཆ་ཁ་ཤས་ཀྱི་ཕྱིར་དུ
ཝུ་བ་སོབ་སོབ་ཀྱིས་མང་དུ་མཆོད
ཆང་མཁར་འདིའི་ལྡེབས་ངོས་སུ་མི་ཚོགས་ཀྱི་གྲིབ་མ་དྲག་ཏུ་འཕྱོ
གྲིབ་མ་དེ་དག་གིས
རང་རང་གི་བརྩེ་དུངས་ཁུར་ནས་དྲག་ཏུ་འཕྱོ
སྐྱོ་གདུང་དང་ཁེར་རྐྱང་ཁུར་ནས་དྲག་ཏུ་འཕྱོ

ལན་རེར་རོལ་དབྱངས་དེ་དག་ཀྱང་ཡོངས་སུ་གཟིམས་ནས
ཕན་ཚུན་གྱི་གདོང་ལ་ཡུད་ཙམ་བལྟས་ན་བསམས
སྙིང་གི་འཕར་ལྡིང་ལ་ལག་པས་རེག་རེག་བྱས་ན་བསམས
མཛེས་སྡུག་ཡོད་ཚད་སྐད་ཆས་མ་བརྫད་ན་བསམས

          གཡུ་ཐོག་ཟམ་ཁའི་སྨྲེང་སྐྱོ།
ད་ལྟའི་བར་དུ
བར་ཐག་ཟེར་བའི་མུན་ནག་ཅིག་གིས
ང་རང་ཡོངས་སུ་བཏུམས་ནས
མི་ལོ་ཉེར་བདུན་འགོར་སོང

ཁེར་རྐྱང་ལྟ་བུའི
དྲན་གདུང་གི་སྣེ་རུ་འཛིང་བ
དུས་ཚོད་ཀྱི་ལག་ནས་ཤོར་སོང་བ་དག
སེམས་ཀྱིས་མྱངས་ནས་རྫོགས་རྒྱུ་མེད་པ་དག

ད་ནི་བདག་གིས་གྲིབ་མ་འདི་གང་དུ་གཡུག
མི་ལོ་ཉེར་བདུན་ལ་དྲུད་ཡོང་བའི་གྲིབ་མ་འདི་གང་དུ་གཡུག
དད་འདུན་གྱི་དར་ལྕེའི་ངོས་སུ་བྲིས་པའི
རྨི་ལམ་ནོར་འཁྲུལ་ཅན་འདི་གང་དུ་གཡུག་ཨང

            བར་སྐོར་གྱི་ཉིན་ཐོ།
འགྲུལ་བ་མང་པོ་རྒྱང་རིང་ནས་ཡོང་སྟེ
སོ་སོའི་ཁེར་རྐྱང་ཁྱེད་ཀྱི་རུམ་ཁར་བྱོ་བཞིན་འདུག
ཡིན་ན་ཡང
ཁོ་ཚོས་རལ་གྲི་རྣོ་དབལ་ཚ་བ་མང་པོ་བཏགས་ཡོང་སྟེ
ཁྱེད་རང་དུམ་བུར་གཤགས་ནས་མི་ལོ་མང་པོ་འདས
ཞིབ་ཏུ་ལྟ་དུས  ཁྱོད་རང་གས་གཉིས་སུ་གྱུར་ནས
སྣེ་གཅིག་ཇོ་ཁང་ལ་ཕྱོགས་ཤིང
སྣེ་གཅིག་ཁྲོམ་དང་ཁྲོམ་མང་པོའི་འདུ་འཛིར་སིམ་གྱིན་འདུག

མི་ཚོགས་གྲོག་ཚང་བརྡོལ་བ་བཞིན
བྲེལ་འཚུབ་ཀྱིས་གང་ཞིག་ཏུ་བཞུར་འགྲོ་ལ
ཆུ་རགས་ཤོར་བ་བཞིན་གང་ཞིག་ནས་སླར་ཡང་བརྡོལ་ཏེ་ཐོན་ཡོང
མིང་ལ་མཇལ་བ་ཟེར་བ་དེ་དག 
ཡང་ན་གནས་སྐོར་བ་ཟེར་བ་དེ་དག
མདོར་དེད་ན  ཁེར་རྐྱང་ཏག་ཏག་རེད
ང་དང་འདྲ་བར
ཀྲོང་ངེར་འགྱིང་བའི་པོ་ཏ་ལ་དང་འདྲ་བར

          ཚངས་དབྱངས་རྒྱ་མཚོ།
མེ་ལོང་ཆག་རོ་མང་པོའི་ནང་ཤར་བའི
གས་ཧྲུག་ཏུ་གྱུར་པའི་ངོ་གདོང་ཆག་རོ
བརྩེ་གདུང་གི་ཤ་འོད་བྲུག་པའི་ས་སྲོད་ཅིག་ལ
སྐྱིད་ཆུར་ནུབ་པའི་གྲིབ་མ་ཐེད་པོ

         དབུས་ནས་རྨོ་མོ་དྲན་པ།
དབུས་ནས་སུ་དང་གང་ཡང་མ་དྲན
རྨོ་མོ་ལགས་དྲན་བྱུང
ཇོ་བོའི་གསེར་ཞལ་མཐོང་མ་ཐུབ་པའི
དགུང་གྲངས་གོ་བདུན་སོན་པའི་རྨོ་མོ་ལགས་དྲན་བྱུང

ཁྱོ་ག་འདས་ནས་མི་ལོ་བཅུ་བདུན་སོང་བའི
ཁེར་རྐྱང་གི་རླུང་བུས་མི་ལོ་བཅུ་བདུན་ལ་སེམས་རྩ་འཁྱག་ཏུ་བཅུག་པའི
རྨོ་མོ་ལགས་དྲན་བྱུང
གྱེས་བྲལ་ནི་བར་ཐག་གྱང་གིས་ཆོད་པ་བཞིན
གམ་དུ་ཡོད་ཡོད་འདྲ་བའི་སྒྱུ་མའི་ཆོ་འཕྲུལ་ཞིག
མི་ལོ་བཅུ་བདུན་ལ་གྱང་དེས་རྨོ་མོའི་ཉི་འོད་བསྒྲིབས

དབུས་ནས་སུ་དང་གང་ཡང་མ་དྲན
རྨོ་མོ་ལགས་དྲན་བྱུང
དུས་ཚོད་ཀྱི་འདྲེ་ལག་གིས་དམ་དུ་བཏགས་པའི
འཇིག་རྟེན་གྱི་ཕུན་ཚོགས་ལ་རིང་དུ་གྱེས་ཀྱིན་པའི
ལོ་ན་བགྲེས་པའི་རྨོ་མོ་ལགས་དྲན་བྱུང
རྨོ་མོ་ལགས་དྲན་བྱུང

      གཞིས་ཀ་བསམ་འགྲུབ་རྩེ་ཟེར་བའི་གྲོང་ཁྱེར་འདི།
མི་རྣམས་རང་གི་འདོད་ཆགས་ཀྱིས་དྲུད་དྲུད་རྗེས
གང་ལ་བསླེབ་ཐུབ་བམ
སླར་ཡང་སྔངས་འཚུབ་ཅི་ཞིག་གིས་གང་དུ་བཞུད་འགྲོའམ
Z8803ཟེར་བའི་མེ་འཁོར་འདིའི་ནང་དུ
འདོད་ཆགས་རུམ་གང་ཁུར་ནས་གཞིས་ཀ་རྩེའི་ཕྱོགས་སུ་ཆས

གཞིས་ཀ་བཀྲ་ཤིས་རྩེའི་ས་སྲོད་དུ
ང་རང་རྡུལ་ཕྲ་རབ་མང་པོར་གས་ཏེ
སྐོར་ལམ་གྱི་མི་རེ་རེའི་དད་འདུན་ལ་འདྲེས
ལག་གདུབ་འཚོང་མཁན་གྱི
སྦྱིན་བདག་མ་དག་གི་ཟུར་མིག་ལ་འདྲེས

གཞིས་ཀ་རྩེ་ནི
སྨད་འཚོང་མ་ཁྱུ་དང་ཁྱུ་བྱས་ཏེ
བདེ་སྲུང་བའི་དོད་དུ་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་འཇིག་རྟེན་ཞིག
ཡིག་ནོར་མང་པོས་རྐང་ལག་ཆག་རོ་དག་དྲུད་ནས་མཚན་གང་བོར་བརྒྱུགས་ཀྱང
སྨན་ཁང་མི་རྙེད་པའི་འཇིག་རྟེན་ཞིག

ཁྱོད་ཀྱི་རུམ་ཁར་ད་དུང་དགུན་ཟླ་འཁྱིལ་འདུག 


རྩོམ་ཡིག་རྗེས་མ།
དབེན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1