དབེན་པའི་ལྷིང་འཇགས།
ལི་གཡོན་བློ་མཁས།(མགོ་ལོག)
རྟེན་འབྱུང་གནས་ལུགས་ཟབ་མོའི་མདུད་པ་དེ་བཀྲོལ་ཅིང་།།
མི་ཕམ་བདུད་ལས་རྒྱལ་བ་སྲས་གཙང་གི་སྲས་པོ།།
སྙིང་རྗེའི་ཟླ་བ་དགྱེས་པའི་མཁའ་དབྱིངས་ནས་གཟིགས་ཏེ།།
བདག་སོགས་སྐལ་དམན་བུ་སློབ་དུས་ཀུན་ཏུ་མ་འདོར།།
འཇིག་རྟེན་ཟང་ཟིང་ཆོས་ཀྱི་འདུ་འཛི་ཡིས་སྟོང་བ།།
རྒྱལ་བསྟན་མི་ཉམས་དར་བའི་སྲོག་ཤིང་དེ་བརྟན་པ།།
འདོན་ཆོག་དབྱངས་རྟ་སྙན་མོ་བར་སྣང་དུ་ཁྱབ་པའི།།
སེམས་ལ་བག་ཕེབས་སྦྱིན་པའི་ཆོས་སྡེ་དག་སྐྱིད་པ།།
རྩོད་པའི་ཐལ་སྒྲ་སྙན་མོའི་འབྲུག་སྟོང་དེ་ལྡིར་བའི།།
རྣམ་དཔྱོད་གློག་ཞགས་འཁྱུག་པའི་གར་སྟབས་ཀྱི་འོག་ན།།
ཚིག་དོན་སྦྲང་ཆར་ཟིལ་མ་ཤག་ཤག་ཏུ་འབབ་དུས།།
གནས་ལུགས་མེ་ཏོག་འཐུ་སའི་ཆོས་གྲྭ་དག་སྐྱིད་པ།།
དགྲ་གཉེན་དབྱེ་བ་འབྱེད་པའི་ཆགས་སྡང་ཞིག་མེད་ལ།།
དབང་དང་གོ་ས་མཐོ་བའི་སྙན་གྲགས་ཀྱང་མི་དགོས།།
མཁོ་དགུ་ལོངས་སྤྱོད་འཛོམས་པའི་འཚོ་བ་ཡང་མེད་ཀྱང་།།
སེམས་ལ་ཆོག་ཤེས་འཕེལ་བའི་དགོན་པ་ནས་སྐྱིད་པ།།
རྙེད་དཀའ་མི་ལུས་རིན་ཆེན་གསེར་ནག་གི་ལྗོན་པ།།
དམ་ཚིག་ཚུལ་ཁྲིམས་གཙང་མའི་ལོ་འདབ་ཀྱིས་སྤྲས་ཏེ།།
མི་ཕྱེད་དད་པའི་འབྲས་བཟང་ཕྱོགས་ཀུན་ཏུ་རྒྱས་སའི།།
ཉམས་རྟོགས་དགའ་བ་འཕེལ་བའི་དབེན་གནས་དེ་སྐྱིད་པ།།
༢༠༡༧.༡.༢༧ མགོ་ལོག་ཏུ་སྦྱར།