ཆུའི་བྱིན་རླབས་རང་འབར་མ།
ལྗོན་པ།(རྨ་ལྷོ)
ཆལ་ཆིལ་ཆུ་ཡི་ཉམས་ཀྱིས་ཁྱོད་རང་རྒྱང་ནས་འོངས་ཏེ།།
རྨི་ལམ་ལྗོངས་སུ་འདྲིས་པ་བདུད་པོ་གཟི་ཡི་མིག་སྟོང་།།
ཡག་ན་སད་རྒྱུ་མེད་ཨང་ལྷ་ཡིས་གཟིགས་པ་བྱུང་སོང་།།
ཉེས་ན་མ་སླེབས་ཆོག་ག་དབྱཱང་རླུང་གཤོག་པ་འཇམ་མོ།།
ཧ་རི་ཙན་དན་འདར་བའི་རྒྱལ་ཁམས་དྲི་འདི་རྨད་བྱུང་།།
ས་མཐའི་མགྲོན་པོའི་ཐུགས་ལ་རོལ་མོ་འདི་ཙམ་སྙན་པ།།
སྐྱོབ་པ་ཚངས་པའི་ལྷ་མོ་ལོ་མའི་གདན་ལ་མཛེས་ཨང་།།
འདོད་པ་བ་མོའི་རླུང་ཡན་ཆུ་དང་གནམ་ལ་མི་ཞེད།།
མཛེས་པ་ཕ་བོང་འོད་ཆིལ་གར་འདུག་ཞལ་ལ་སིམ་པས།།
སྙིང་སྡུག་བུམ་ཆུང་སེར་པོ་སྦྲང་བུའི་གར་ལ་སྲེད་སོང་།།
དྭངས་པའི་ཆུ་མིག་རང་འབབ་དེ་གར་སྐྱོ་བ་གནང་འདུག །
མི་སྡུག་རྡོ་ཡི་ཆར་ཞོད་འདུས་བྱས་སྒྱུ་མའི་རང་སྒྲ།།
བྱེད་པོས་བསྩལ་བ་མིན་ནོ་ཤུགས་འབྱུང་གཤིས་ཀྱི་ང་རོ།།
འོད་གསལ་བདུད་རྩི་དེ་ཡིས་ཁྱོད་རང་བཀླུབས་པ་གནང་རོགས།།
སྣང་སྲིད་ཐང་ལྷ་སྨུག་པོ་མཆོད་སྤྲིན་སྟོང་ལ་མི་རེ།།
ངེས་འབྱུང་བླ་བྲེས་དམར་པོ་སྙིང་ལ་ཐགས་སུ་བཀྲའོ།།
སྣ་དགུའི་དཔྱངས་ཟམ་འདིའང་ཉག་མ་དར་གྱི་སྐུད་པ།།
ཁྱོད་ཀྱི་གླུ་གདངས་དེ་ཡིས་སྨུག་པའི་གོམ་ཆུང་ལྷོད་སོང་།།
ལམ་དེ་སྙིང་ལ་བརྣགས་པས་ལོ་ཟླའི་རྒ་བ་སླེབས་སོང་།།
མེ་ཡི་བྱིན་རླབས་བསྲེལ་ནས་གཞོན་ནུའི་རི་མོ་བྲིས་སོ།།
དུས་ཀྱི་ལྡོག་པ་འདི་ཀོ་མཚོན་གྱི་འཁོར་ལོ་ཡིན་ནམ།།