ཐོལ་གྱིས་རྒྱུ་བའི་སེམས་འགྱུ་ལང་མ་ལིང་།
རིན་ཆེན་ཐར། (ཀན་ལྷོ)
ཧྲིལ་ཧྲིལ་གོ་ལའི་ཅོད་པན་རྒྱན་དུ་ལམ་ལམ་འཚེར་བའི་མུ་ཏིག་ཕྲེང་།།
དཀར་དཀར་ས་འཛིན་ཁྱུད་མོའི་དཔུང་གིས་སྟར་སྟར་བསྐོར་བའི་མི་མཇེད་ཞིང་།།
ལྷུང་ལྷུང་འབབ་ལྡན་བལྟམས་པའི་ཡུམ་ཆེན་སྙན་སྙན་གངས་ལྗོངས་དབྱར་སྐྱེས་རྔ།།
ཕྱོགས་ཕྱོགས་གྲགས་པའི་མཐོང་བ་ཀུན་སྨོན་མཚར་མཚར་སྲིད་པའི་རྩེ་ན་གཡོ།།
སྐོར་གསུམ་གངས་དང་གཡའ་ཡི་ར་བ་ཤྭ་རྐྱང་རི་དྭགས་རྒྱུ་བའི་གནས།།
རུ་བཞི་བྲག་དང་སྤང་གི་གཤོང་བ་སྟག་གཟིག་གཅན་གཟན་བསྟི་བའི་ཡུལ།།
སྒང་དྲུག་རྩི་ཤིང་ནགས་ཀྱི་ཞིང་ས་འདབ་ཆགས་གཤོག་འགྱུར་ངོམ་པའི་ས།།
གདོང་དམར་འགྲོ་བའི་ཟུངས་ཁྲག་རྒྱུ་བ་ས་ཡ་དྲུག་རྣམས་འཚོ་བའི་ཞིང་།།
ཟབ་དོན་དམ་ཆོས་ཉི་མ་འབུམ་ཕྲག་ཅིག་ཅར་འཕྲོ་བའི་དབུས་གཙང་ཞིང་།།
གནམ་ས་རལ་ཡང་མི་འཇིགས་གཤིས་ལྡན་གྱད་ཀྱི་ཕོ་རྒོད་མདོ་སྟོད་ཡུལ།།
གཡང་གི་ར་བ་སྒོ་བཞིའི་དར་ཡུལ་གྱི་ལིང་བང་རྒོད་མདོ་སྨད་ལྗོངས།།
ཆོལ་གསུམ་འཛིན་མ་དར་དཀར་ཡུག་གཅིག་ལས་དང་གཏན་གྱི་འདུན་མ་གཅིག །
སྔུན་ཚེ་བཙན་པོའི་རྟ་རྒོད་རྨིག་པས་ཡངས་པའི་འཛིན་མ་རྔ་ལྟར་བརྡུངས།།
དབྱངས་གསལ་སོ་བཞིའི་གདུགས་དཀར་ཡུ་བ་སུམ་གཉིས་ས་ཡི་ཆ་ལ་བརྐྱངས།།
དྲན་དབང་གསེར་རི་ཕྲེང་དུ་བསྟར་བས་གསུང་རབ་ལྷུན་པོའི་གཏོས་སུ་སྤུངས།།
ཡང་གཙང་ལྷ་ཆོས་མི་ཆོས་ཟེར་བརྒྱ་དགེ་བའི་དཔལ་དུ་སྙོམས་པར་འཛུམ།།
སྐྱེས་ཆེན་བྱེ་བའི་མཛད་རྣམས་གླེང་དུས་དད་པའི་སོར་མོ་མི་འཛུམ་ཅི།།
བཙན་པོའི་དཔུང་གི་སྙིང་སྟོབས་བསམ་དུས་བྱིན་ཤ་མི་འདར་དཔའ་བོ་སུ།།
ལྔ་ཟུང་རིག་པའི་རིན་ཐང་དྲན་དུས་འགྲམ་ཆུ་མི་ལྡང་ལུས་ཅན་གང་།།
སྔོན་བྱོན་དར་རིམ་འཕེལ་རིམ་བསྙད་དུས་དེང་གི་གུད་རབས་འགྲིབ་རབས་དྲན།།
ཕ་སྐད་ཕ་ཡིག་རྒྱ་མིན་བོད་མིན་རྩྭ་སྐྱའི་རི་ལ་མེ་ཤོར་ལྟར།།
ཡུལ་གཤིས་གོམས་གཤིས་ར་མིན་ལུག་མིན་དྭངས་པའི་མཚོ་ལ་རྙོག་མ་བཞིན།།
འགྲོ་ལུགས་སྡོད་ལུགས་སྐྱ་མིན་སེར་མིན་མི་རྟག་སོག་ལེའི་སོ་ཁ་ལྟར།།
ཅི་བྱེད་འདི་བྱེད་འདྲ་མིན་རྟག་མིན་བྱིའུ་སྒྲོའི་ཕུང་ལ་རླུང་འཚུབ་བཞིན།།
གཞུང་ལུགས་ཟབ་མོའི་ལྟ་བ་གླེང་ཚེ་ལྕེ་བརྒྱ་སྤྲུལ་བའི་གྲུབ་པ་བརྙེས།།
ཡང་སྙིང་སྦྱོར་བ་བསྟར་བར་རྩོམ་ཚེ་ལག་རྡུམ་བྲག་ལ་འཛེགས་པའི་ཟླ།།
སྐྱེམས་ཆང་མངར་མོས་ལ་རྒྱ་གླེང་ཚེ་སྙིང་སྟོབས་སྟག་ལ་འཛུམ་དྲུག་རྒྱས།།
འཚོ་གནས་གཉོམ་པོར་ཁེ་སྤོགས་རེག་ཚེ་རང་ཚུགས་ཝ་མོས་གབ་ཁུང་འཚོལ།།
བསྟན་ལ་མཛའ་བའི་དྲང་སྲོང་དག་ཀྱང་གྲུབ་མཐའ་གླེང་ན་སོ་སྒྲ་འཆའ།།
རྫོགས་ལྡན་བསྐལ་བའི་ལོངས་སྤྱོད་བརྙེས་ཀྱང་ཁེ་སྤོགས་རེག་ན་འཆི་བ་བརྗེད།།
མངོན་མཐོའི་ཁྲི་འཕང་ཞབས་སེན་བཀོད་དག་སྤྱི་སྒེར་བར་ན་གོམ་ཁ་འཁྱོར།།
རྣམ་དཔྱོད་རིག་པའི་ཁོ་ལག་རྫོགས་ཀྱང་ཆོས་སྲིད་བར་ན་བློ་མིག་ལྡོངས།།
བན་བོན་འཁྲུགས་པས་རང་ཕུང་གཞན་བརླག་གསར་རྙིང་བརྩད་པས་རྫོབ་རྟགས་བསྟན།།
སྣ་ཚོགས་གྲུབ་མཐའ་རང་ལྟ་མཁྲེགས་འཛིན་གླེང་ཕྱོགས་མི་གཅིག་སོ་སོ་རེ།།
བློ་བཟང་རྒྱལ་བའི་བསྟན་པ་གཅིག་ལའང་ཕྱོགས་ཞེན་དད་མོས་ཁ་ཁ་ཉིད།།
མཐུན་སྒྲིལ་སྲད་བུའི་མདུད་འཆིང་དམ་ལ་འགལ་རྐྱེན་བྱིན་ཟའི་དབལ་ལས་ཚ།།
ལ་ལ་མདོ་སྔགས་ཡོན་གྱིས་ལྕི་ཡང་གཟུར་གནས་སྨྲ་བའི་བློ་དང་བྲལ།།
ལ་ལ་མ་རྟོགས་ལོག་རྟོག་དབང་གིས་ཆུ་སྣ་གར་ཁྲིད་བླུན་པོའི་ལས།།
ལ་ལ་སྐབས་འཚོལ་བསྙད་འདོགས་བགྱི་བས་ཕུང་ཀྲོལ་དུག་གི་མདའ་མོས་བཀང་།།
ཆོལ་གསུམ་སྤྱི་ཆུས་ཕ་བོང་འདེགས་ལ་མཐུན་པའི་ཤེ་མོང་བན་བུན་དུ།།
ཕ་རུས་མ་ཁུངས་གདུང་རྒྱུད་གཅིག་ལ་ཕྱོགས་ཞེན་དྲི་མས་སྦགས་དགོས་ཅི།།
དགོན་གྲོང་གོས་དང་གོང་བར་གནས་ལ་དད་མོས་རིས་སུ་དགར་རྒྱུ་ཅི།།
རོང་འབྲོག་སྦྲ་དང་ཆོན་ཐག་སྦྲེལ་ལ་མཆོག་དམན་དབྱེ་བས་ལབ་རྒྱུ་ཅི།།
ཨ་མའི་བུ་རང་འཇོན་པོ་བྱུང་ན་དགའ་ལྡན་ཁྲི་ལ་སུ་ཡིས་བདག །
མི་དགེ་བཅུ་སྤོངས་ངེས་འབྱུང་རྣལ་མས་སྒོ་ཟོག་ཕངས་མེད་རི་ཡན་ལ།།
འདོད་ཧམ་རི་ལ་སོ་འདྲད་བགྱི་བའི་ཆོམ་རྐུན་ལུག་ལ་སྤྱང་ལྟར་འཇབ།།
བྱམས་དང་སྙིང་རྗེའི་འགྱུར་བག་རྒོད་པོས་བཤན་གྲིའི་འོག་གི་སྲོག་བླུ་ཡང་།།
དུག་གསུམ་རླབས་ཀྱིས་རིགས་མཐུན་འཚེ་ལ་གཏེ་བོ་ཤིང་ལ་སྟ་ལྟར་འཚུབ།།
ཕྲུ་སློག་བཙས་བརྔའི་རྩོལ་བར་ཞུམ་སྟེ་ཕ་ཞིང་གྲུ་བཞི་སྤང་ལ་ཤོར།།
ཁ་ཆར་བུ་ཡུག་སྡུག་ལ་ཞེད་དེ་ཐང་སྨུག་སྦྲ་དང་ཕྱི་ཕྱག་ཕུལ།།
གྲོང་དུ་འཚོ་ལ་ཚོང་སོགས་མ་ནུས་ས་རྐོ་རྡོ་སློག་གཡོག་གླ་བསགས།།
ནོར་བུ་རང་ཡོད་ནོར་ཉམས་མ་ཆོད་ངན་ངོན་འཚོ་བའི་ལས་ལ་འཐམས།།
འབྱོར་བ་བླ་ནས་བླ་རུ་འཕགས་ཀྱང་གཤིས་སྤྱོད་གུད་ནས་གུད་དུ་ཆག །
འཚོ་བ་མདུན་ནས་མདུན་དུ་བསྐྱོད་ནའང་བསམ་སྦྱོར་གཞུག་ནས་གཞུག་ཏུ་ལུས།།
བསྔགས་བརྗོད་གཏམ་སྙན་སྙན་ལ་གོམས་པའི་མཐོན་པོའི་སྙན་དུ་མི་སྙན་ཡང་།།
སྲོང་བོར་བརྗོད་འདོད་འདོད་པའི་གླུ་ཆུང་ཨ་ལ་ལ་མོ་ཐ་ལ་ལ།།
༢༠༡༦.༡༠.༡༨ཉིན།