བདག་ཉིད་ཀྱི་བདག་ཉིད།
གྲོག་མ། (ཆབ་མདོ)
དེ་ནས་ལ་དང་ལུང་པ་བརྒལ་ཏེ་འོངས།།
དེ་ནས་ཐང་གི་མེ་ཏོག་འཐུ་བཞིན་ཡོང་།།
རེས་འགའ་རླུང་གི་རྟ་ལ་ཞོན་ནས་འགྲོ།།
འདོད་ཡོན་དབང་ཐང་ཅན་ལ་ལྟད་མོ་ལྟ།།
སྐབས་རེར་སེམས་ཀྱི་མེ་ལོང་ལྟ་བཞིན་འགྲོ།།
སྐྱེ་འགག་རྒྱུ་འབྲས་མེད་པའི་གླུ་དབྱངས་ལེན།།
ངོ་སྤྲོད་མི་ཞུ་ཁྱོད་ཀྱིས་ཤེས་ནས་ཡོད།།
རིག་པ་གློག་དམར་བཞིན་དུ་འཁྱུགས་སེ་འཁྱུག །
སྨྲ་ལྕེ་ཁབ་རྩེ་བཞིན་དུ་ཕྲ་ལ་རྣོ།།
གླིང་དཀར་དཔའ་བོའི་སྒྲུང་གཏམ་རིང་མོ་ན།།
ཞི་བདེའི་ཉམས་ཀྱི་འོ་སྤྲི་འཐུལ་བ་དང་།།
མདའ་མཚོན་བར་ནས་ཁྲག་དམར་འཕྱུར་བ་བཞིན།།
སེམས་ཀྱི་བུ་ཆུང་ཐང་དཀར་རྒོད་དང་འདྲ།།
འདི་དག་ཁྱོད་ཀྱིས་སྔར་ནས་ཤེས་ལགས་ན།།
ངོ་སྤྲོད་གསར་བ་གང་ཡང་ཞུས་པ་མེད།།
སྒོ་མོ་བརྒྱད་ཁྲི་བཞི་སྟོང་མ་སྡོམ་ད་ཕྱེས་ཤིག །
རྩ་དང་རྒྱུས་པའི་ལྷ་ཁང་གཞན་ལའང་ཡོད་པ་ལགས།།
ཤེལ་གྱི་ལྷ་ཕྲུག་ཕྱི་གསལ་ནང་གསལ་གདེང་ཚད་ཅན།།
དགའ་དང་བྲོད་པས་འཛུམ་ཆུང་བཞད་ཅིང་རྩེད་མོ་རྩེ།།
སྐྱོ་དང་སྡུག་པའི་སྒྲ་ལ་ཉན་ཞིང་དེ་ཡི་བར་སྟོང་སྤྱོད།།
གཅེས་ཕྲུག་འདི་ལ་གཡུ་དང་བྱུ་རུས་མ་བརྒྱན་རོགས།།
རྟ་མཆོག་གཤོག་ལྡན་སྒྲོག་གིས་མ་བཅིང་རོགས།།
ལྷ་ཕྲུག་འདི་ཡང་ཁྱོད་ཀྱི་ངོ་ཤེས་རྙིང་པ་སྟེ།།
ང་ཡིས་ཁྱོད་ལ་ངོ་སྤྲོད་བྱ་བ་ཅི་ཞིག་ཡོད།།