འཆི་སྲོལ།
དཔལ་མོ། (ལན་གྲུ)
ཕྱི་རོལ་གྱི་སྐད་སྒྲ་འཇགས་ཟིན
སྡོང་མགོ་ཡི་བྱིའུ་ཁྱུ་གཉིད་ཟིན
མཚན་མོ་ཁུ་སིམ་མེར་འདུག
ཟླ་འོད་འཇམ་ལྷུག་གེར་འདུག
ཁྱོད་དྲན་པའི་སྟོབས་ཀྱིས
སེམས་ཀྱི་གཙང་པོ་དྲག་ཏུ་སྐྱོམ
ཟླ་འོད་ཀྱི་ངོགས་སུ
ང་རང་འདི་ལྟར་སྐམ
དབྱར་གཞུང་གི་དུས་སུ
ཁྱོད་ཀྱང་འདི་ལྟར་སྐམ
ཉིན་མཚན་གྱི་ལག་ཟུང
ལྷན་དུ་སྦྲེལ་དཀའ་ན
འུ་ཅག་གིས་སུ་ལ་སྒུག
ངང་སྒུག་བྱེད་ཡུན་འདི
ལོ་ངོ་ག་ཚོད་ཀྱི་རིང་ཡིན
འཆི་བདག་ཧབ་ཀྱིས་ཐོན་ཚེ
འཆི་སྲོལ་ཉིན་སྲིབ་གཉིས་ཡིན
ཁྱོད་དྲན་པའི་སྟོབས་ཀྱིས
ས་གཞིས་དངངས་འདར་རྒྱག
ཁྱོད་དྲན་པའི་སྟོབས་ཀྱིས
རྒྱ་མཚོས་རྦ་རླབས་གཡོ
ཁྱོད་དྲན་པའི་ཛ་དྲག་འདི
མི་སུ་ལ་བརྗོད་ཡུལ་གང་ལ་ཤོང
ཁྱོད་རང་ཅིས་ཀྱང་ཐོན་དགོས་ཨང
རུས་ཐལ་སྤར་གང་ལས་མ་ལྷག་ཀྱང
དེ་ཅིས་ཀྱང་ཡུལ་ལ་འཇོག་དགོས་ཨང
ཡུལ་གྱི་ཨ་མ་འདས་སོང་ཡང
ཁྱིམ་གྱི་ཉི་མ་ནུབ་སོང་ཡང
གྲོགས་ཀྱི་ངོ་གདོང་འགྱུར་སོང་ཡང
ཁྱོད་ཅིས་ཀྱང་ཡུལ་ལ་ལོག་དགོས
ཁྱོད་རང་བསླེབ་མ་བྱུང་ཚེ
ཡུན་གྱིས་ཡུན་གྱིས
འུ་ཅག་གིས་རང་རང་ས་ནས
འཆི་བདག་ལ་སྒུག་ཞོར
འཆི་སྲོལ་རེ་སྒོམ་པ་ལས
ཕན་ཚུན་ཡང་བརྗེད་འགྲོ་ངེས
2015.8.30