གཙོད་ཀྱི་དཔྱིད་ཀ
རྩིང་བ་དཀོན་བྷེ། (ཀན་ལྷོ)
སྣ་བུག་ཉག་ག་ནས་ཉི་མ་འཆར་སྐབས
གཙོད་གྲོང་ན
དཔྱིད་རླུང་ཕན་ཚུན་གདོང་ཐུག་བརྒྱབ་སྟེ་ལྡང
དུང་ཕྲུག་རི་མགོའི་ཁ་བ
རྒྱང་ནས་བལྟས་ན་ཁ་དོག་ཅིག་དང་མཚུངས་ལ
ཉེ་སར་བཅར་དུས
སྤྲིན་དཀར་ཞུ་ནས་ཆུ་རུ་བཞུར
སྲས་མཁར་དགུ་ཐོག་གི་སྐོར་མཐའ་ན
དད་པས་བཏེགས་པའི་སྨོན་ལམ་རྣམ་དག་ཅིག
བསང་དུད་དང་ལྷན་དུ་མཁའ་ལ་འཕྱུར
ཇི་ལྟར་གཡས་སུ་འཁྱིལ་བའི
མཇལ་བ་ཚོའི་རྐང་མགོ་ན
དཔྱིད་ཀྱི་འཁོར་ལོ་ཞིག་བསྐོར་ནས་འཁོར
ཁོ་བ་ཚོའི་རེ་རེའི་བཞིན་གྱི་གསེབ་ན
དགུན་གྱི་འགྲམ་དར་ཞུ་ནས
དཔྱིད་ཀྱི་ཆུ་མིག་ཅིག་ཀྱང་ཐོལ་གྱིས་འཛུམ
ང་རང་མདུན་དུ་སྐྱོད་ནས་ཆས་སྐབས
རྡོག་འོག་གི
གསར་དུ་འབུས་བཞིན་པའི་རྩྭ་རྐང་གི་སྟེང་ན
ཚེ་སྲོག་མང་པོ་འཁུན་ཞིང
ཉི་མ་ལྡང་བའི་གླུ་དབྱངས་ཤིག་ཀྱང་བར་མེད་དུ་གྲག
གཙོད་ཀྱི་མགོ་ཐོག་ན
གླག་རྒོད་ཅིག་ཧྲང་ཧེ་ནས་འཕུར་ཏེ་འོང
རྒོད་པོའི་གཤོག་རྒྱབ་ན
མེ་ཏོག་གི
དྲི་མ་དང་དཔྱིད་ཀྱི་ཁ་རླངས་འཐུལ་ཞིང
ད་དུང་སྐྱེ་སྟོབས་འབར་བའི
ས་ཆུའི་དཔལ་ཡོན་ཞིག་ཀྱང་བསྣམས་ནས་ཡོད
བུ་མོ་ཞིག་གིས
སྲབ་འཇམ་གྱི་གོས་ལྭ་ཞིག་གྱོན་ནས
ཇོ་མོ་གླང་མའི་མགྲོན་ཁང་གི་སྒོ་ན
རྒྱང་རིང་གི་མགྲོན་པོ་སུ་ཞིག་ལ་སྒུག་འདུག་པ་འདྲ
ལྟོས་དང སྐབས་དང་སྐབས་སུ
ཁོ་མོའི་ལྭ་འདབ
དཔྱིད་རླུང་གིས་གུར་དུ་འབུབས་བཞིན་ཡོད
2017ལོའི་ཟླ3པའི་ཚེས6ཉིན་ལ་གཙོས་ནས་བྲིས།