གང་དྲན་ཉེར་གཅིག་མ།
གེ་སར།(ཟི་ལིང)
ཕ་ཡུལ་ནི་སེར་ཐིག་ལྷུང་བཞིན་པའི་སྡོང་ལོ་ཞིག
ཕ་ཡུལ་ནི་རྨི་ལམ་ནང་གི་ཕྱེ་མ་ལེབ་ཀྱི་གཤོག་སྒྲ་ཞིག
ཕ་ཡུལ་ནི་ནམ་ཡང་ཐོན་རྒྱུ་མེད་པའི་གནམ་མཐའ་ཞིག
ཕ་ཡུལ་ནི་ལམ་ནས་བོར་བའི་གཡུ་ཆུང་དྲུག་དཀར་ཞིག
ཕ་ཡུལ་ནི་མཛའ་གཞས་ནང་གི་དབྱངས་རྟ་རྙིང་བ་ཞིག
ཕ་ཡུལ་ནི་གནམ་ནས་ལྷུང་བའི་སྐར་རྡོ་ལེབ་མོ་ཞིག
ཕ་ཡུལ་ནི་སྨིག་རྒྱུ་ཀློང་གི་སྒྱུ་མའི་གྲོང་ཁྱེར་ཞིག
ཕ་ཡུལ་ནི་ཨ་མའི་མིག་ནང་གི་སེམས་གཅོང་ལྷག་མ་ཞིག
ཕ་ཡུལ་ནི་འཛིན་དུ་མེད་པའི་གཟུངས་ཐག་གྲིམ་པོ་ཞིག
ཕ་ཡུལ་ནི་མཐོང་དུ་མེད་པའི་འཇའ་རིས་ཟླུམ་པོ་ཞིག
ཕ་ཡུལ་ནི་ཞེ་ལ་འཁྲེང་བའི་ས་མཐའི་རླུང་བུ་ཞིག
ཕ་ཡུལ་ནི་ཁྲུང་ཁྲུང་འཕུར་ཤུལ་གྱི་ནམ་མཁའ་སྟོང་བ་ཞིག
ཕ་ཡུལ་ནི་ལང་ལོང་ངང་ཐོར་བའི་སྒྲོ་སྤུ་ཟད་པོ་ཞིག
ཕ་ཡུལ་ནི་སེམས་ཁོང་དུ་ཟུག་པའི་ཚེར་མའི་ལམ་བུ་ཞིག
ཕ་ཡུལ་ནི་མུན་ནག་ནང་འཚེར་བའི་སྲིན་འབུ་མེ་འཁྱེར་ཞིག
ཕ་ཡུལ་ནི་ཕྱིར་འོང་མེད་པའི་སྡིག་ཅན་རྔོན་པ་ཞིག
ཕ་ཡུལ་ནི་རི་ནས་ལུས་པའི་སྒྱེད་པུ་རྐང་གསུམ་ཞིག
ཕ་ཡུལ་ནི་རྣམ་ཤེས་ལ་འཁོར་བའི་བྱ་གླག་རྨས་མ་ཞིག
ཕ་ཡུལ་ནི་སྤྲིན་དཀར་ཀློང་ནས་མཆེད་པའི་རྫི་གླུ་སྐྱུར་མོ་ཞིག
ཕ་ཡུལ་ནི་སེམས་ཀྱི་སྟོང་ཆ་ལྗིད་མོ་ལྗིད་མོ་ཞིག
ཕ་ཡུལ་ནི་ནམ་ཡང་སོང་མི་ཚར་བའི་གསང་བའི་ལམ་ཕྲན་ཞིག
2016.6.22ཉིན།