མགྲོན་པོའི་མགུ་ཁེངས། དམངས་ལ་ཕན་བཏགས།

ཆོས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-05


       རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ་ཏེ་མཛོད་དགེའི་རྨ་ཁུག་དང་པོའི་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱི་སྙན་གྲགས་གང་སར་ཁྱབ་ཡོད་ཅིང་། དུས་སྟོན་སོགས་མགྲོན་པོ་མང་དུས་སུ་ལྗོངས་ཁུལ་གྱི་ཆབ་ཁང་དུ་འཚང་ཁ་རྒྱག་དགོས་ཀྱི་ཡོད་སྟབས། མགྲོན་པོ་ཚོར་དཀའ་ཁག་ལ་གཏད་ཀྱི་ཡོད་ལ། འདིས་མཛོད་དགེ་རྫོང་གི་ལྗོངས་སྐོར་ལས་རིགས་གོང་འཕེལ་དུ་འགྲོ་བར་བར་ཆད་ཐེབས་ཀྱི་ཡོད།
       ལྗོངས་ཁུལ་གྱི་ཆབ་ཁང་གིས་མི་འདང་བའི་གནས་ཚུལ་ལ་གཞིགས་ཏེ་མཛོད་དགེ་རྫོང་གིས་འབྲེལ་ཡོད་མི་སྣ་ཆེད་དུ་མངགས་ནས་ཞིབ་འཇུག་བགྲོ་གླེང་བགྱི་བའི་ཞོར་དུ། ཆེད་ལས་འཆར་འགོད་པ་མངགས་ཏེ་ས་གནས་རང་གི་རིག་གནས་གོམས་སྲོལ་དང་ཟུང་དུ་སྦྲེལ་ཞིང་། བེད་སྤྱོད་རང་བཞིན་དང་བཟོ་བཀོད་མཛེས་པ་སོགས་ཀྱི་རྩ་དོན་གཞིར་བཟུང་སྟེ། ལྗོངས་ཁུལ་སོ་སོའི་ཆབ་ཁང་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ་མ་ཟད། ན་ནིང་གི་ཟླ་4བར་དངོས་སུ་ལས་མགོ་བརྩམས་ཤིང་། ད་ལྟ་རྨ་ཁུག་དང་པོའི་ལྗོངས་ཁུལ་དུ་ཆབ་ཁང་གཉིས་གསར་དུ་བསྐྲུན་པ་དང་། ལྗོངས་ཁུལ་ཆབ་ཁང་གཅིག་ཞིག་གསོ་བྱས་ཏེ་ལྗོངས་ཁུལ་དུ་ཆབ་ཁང་གིས་མི་འདང་བའི་དཀའ་ངལ་སེལ།
       ཆབ་ཁང་གསར་བརྗེ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན་ཏེ། ལྗོངས་རྒྱུ་བ་ཚོར་གནས་འདི་ནས་ཡིད་དུ་འོང་བའི་མཛེས་ལྗོངས་ཉམས་སུ་མྱོང་བའི་ཞོར་དུ་ཆབ་ཁང་གི་སྟབས་བདེའང་བསྐྲུན་ཐུབ་པ་དགོས་ཞེས་ཐང་སྐོར་གྲོང་རྡལ་གྱི་འགན་འཁུར་བས་མཚམས་སྦྱོར་བྱས། སྔོན་ཆད་ལྗོངས་ཁུལ་འདིར་ཆབ་ཁང་གཅིག་མ་གཏོགས་མེད་མོད། ད་ལྟ་ཚན་རིག་དང་མཐུན་པའི་སྒོ་ནས་ཆབ་ཁང་གསར་བསྐྲུན་དང་ཞིག་གསོ་བྱས་པས་ལྗོངས་རྒྱུ་བར་སྟབས་བདེ་བླ་ན་མེད་པ་བསྐྲུན་ཏོ།
      ཉེ་བའི་ལོ་ཤས་རིང་ནས་བཟུང་མཛོད་དགེ་རྫོང་གིས་ཆབ་ཁང་གསར་བརྗེ་ནི་གྲུ་གའི་ལས་གཞི་ཆེན་པོ་དང་། ཡང་ན་བདེ་སྐྱིད་འཚོ་བའི་དམངས་ཕན་ལས་གཞི། སྤྱི་ཚོགས་དཔལ་ཡོན་གོང་འཕེལ་གྱི་རྨང་གཞིའི་ལས་གཞི། གོང་འཕེལ་ལ་སྐུལ་འདེད་གཏང་བའི་དམངས་ཕན་ལས་གཞི་སོགས་སུ་བརྩིས་ཏེ་འཆར་འགོད་གཙིགས་སུ་བཟུང་བ་མ་ཟད། ལྗོངས་སྐོར་ཆབ་ཁང་གི་རིམ་པ་མཐོར་འདེགས་དང་ལྗོངས་སྐོར་མགྲོན་པོར་སྟབས་བདེ་ཞིང་། ས་གནས་མི་དམངས་ལ་ཕན་པ་བསམ་གྱིས་མི་ཁྱབ་པའི་ལས་གཞི་འདི་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་སོ།།
     མཛོད་དགེ་རྫོང་གི་སྲང་མགོ་རུ་གསར་དུ་བསྐྲུན་པའི་ཆབ་ཁང་འདི་ནི་རྒྱང་ནས་བལྟས་ཚེ་ཟ་ཁང་ཞིག་གམ་ཁོ་ཧྥེ་ཁང་ཞིག་ཏུ་ནོར་འགྲོ་ཞིང་། གཙང་ཞིང་གྲལ་དག་པའི་ཆབ་ཁང་འདི་འདྲ་ཡུལ་འདིར་མཐོང་དཀོན་པས་ཀུན་གྱི་སྣང་ངོར་ཆབ་ཁང་གི་སྐྱུག་བྲོ་བའི་རྣམ་པ་དེར་འགྱུར་ལྡོག་ཐེབས་སྲིད་པ་གདོན་མི་ཟའོ།།
     མཛོད་དགེ་རྫོང་ཚོང་ལས་སྲང་ལམ་དུ་གནས་བཅས་པའི་གྲོང་བ་དབང་ཕྱུག་འཚོས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་མཛོད་དགེ་རྫོང་མཁར་ནས་ཆབ་ཁང་རྙེད་དཀའ་ལ། རེ་འགའ་ཡོད་པའང་དྲི་ངན་སྣ་ལ་གཟན་ཞིང་སྐྱུག་བྲོ་བའི་རིགས་དེ་ཡིན། ཆབ་ཁང་ཉུང་བས་མང་ཚོགས་ཀྱིས་གང་སར་གཅིན་སྐྱག་གཏོང་སྲིད་པས། གྲོང་ཁྱེར་གྱི་དཔལ་ཡོན་གོང་དུ་འཕེལ་བར་བར་ཆད་ཚད་མེད་ཐེབས་ཀྱི་ཡོད་ཅེས་བཤད།
     ད་ལྟ་མཛོད་དགེ་རྫོང་མཁར་གྱི་སྲང་ལམ་གྱི་ཆབ་ཁང་ཀུན་ལ་བསྐྱལ་བསྐྲུན་དང་ཞིག་གསོ་བྱས་རྗེས། ཕྱི་དབྱིབས་གྲལ་དག་ཅིང་མིག་ལ་རན་པ། ནང་གི་བཀོད་པ་མ་ཚང་བ་མེད་པས། གྲོང་ཁྱེར་གྱི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད་མང་ཚོགས་དང་ལྗོངས་སྐོར་མགྲོན་པོའི་འཚོ་བར་སྟབས་བདེ་བླ་ན་མེད་པ་བསྐྲུན་ཏོ།།
      ལྗོངས་སྐོར་ཆབ་ཁང་གི་ཁ་གྲངས་ཉུང་བ་དང་བཀོད་སྒྲིག་ལུགས་དང་མི་མཐུན་པའི་གནད་དོན་ལ་གཞིགས་ཏེ། མཛོད་དགེ་རྫོང་སྡོད་ཁང་འཛུགས་སྐྲུན་དང་ལྗོངས་སྐོར་སྡེ་ཁག་གིས་རྫོང་ཁོངས་ཀྱི་ལྗོངས་ཁུལ་གཙོ་བོ་དང་། སྲང་ལམ་གལ་ཆེན། མགྲོན་པོའི་འབབ་སྟེགས། ཡུལ་གྲོང་ལྗོངས་ཁུལ་སོགས་ཀྱི་ཆབ་ཁང་གི་ཁ་གྲངས་དང་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆབ་ཁང་གསར་བསྐྲུན་དང་ཞིག་གསོར་འགར་འགོད་བྱས་ཤིང་། ནུས་ཤུགས་ཡོད་རྒུ་བཏོན་ནས་ལྗོངས་སྐོར་ཆབ་ཁང་གི་ལུགས་མཐུན་བཀོད་སྒྲིག་དང་། རྒྱུ་དག་བཟང་བ། ཆབ་ཁང་གི་ཁ་གྲངས་དང་ལྗོངས་རྒྱུ་བའི་གྲངས་འབོར་སོགས་མཐུན་པའི་དམིགས་འབེན་འགྲུབ་པར་འབད།
      གསར་འགོད་པས་མཛོད་དགེ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། 2015ལོ་ནས་2017ལོའི་བར་དུ་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི་430ལྷག་བཏང་ནས་གྲོང་ཁྱེར་གྱི་སྲང་ལམ་དང་། ལྗོངས་ཁུལ། ལྗོངས་སྐོར་ཞབས་ཞུའི་ས་ཚིགས། ལྗོངས་སྐོར་འགྲིམ་འགྲུལ་ལམ་རྒྱུད། མགྲོན་པོའི་འབབ་སྟེགས། ལྗོངས་སྐོར་དཔེ་སྟོན་གྲོང་གསར་བཅས་ཀྱི་ལྗོངས་སྐོར་ཆབ་ཁང་14ཞིག་གསོ་བྱས་ཤིང་། ལྗོངས་རྒྱུ་བ་དང་མང་ཚོགས་ཀྱིས་ཆབ་ཁང་མི་རྙེད་པའི་དཀའ་ངལ་སེལ་བ་དང་། ཆབ་ཁང་གིས་འདང་བ་དང་། གཙང་ཞིང་གྲལ་དག་པ། རིན་མེད་པར་དོ་དམ་བཟང་བའི་དམིགས་འབེན་མངོན་དུ་གྱུར་ཡོད། ལྗོངས་སྐོར་མགྲོན་པོའི་མགུ་ཚད་མཐོ་རུ་འདེགས་པའི་ཞོར་དུ་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ཐོན་ཡོད།
     ཆབ་ཁང་གསར་དུ་བསྐྲུན་རྗེས་བདག་གཉེར་བ་དགོས་ལ། མཛོད་དགེ་རྫོང་ལྗོངས་སྐོར་འགན་འཁུར་བས་གསར་འགོད་པར་བཤད་རྒྱུར། མཛོད་དགེ་རྫོང་གིས་ཆེད་དུ་བདག་གཉེར་བ་དང་གད་བདར་བ་མངགས་ཏེ། དྲི་ངན་དང་རྒྱང་བཀྱེད་པའི་ཆབ་ཁང་གསར་བརྗེའི་མ་མཐའི་རེ་འདུན་འགྲུབ་པར་བྱས་ཤིང་། ད་ལྟ་མཛོད་དགེ་རྫོང་གིས་ཆབ་ཁང་སྔར་བས་གཙང་ཞིང་གྲལ་དག་པ། སྒྲིག་ཆས་མ་ཚང་བ་མེད་པས་ལྗོངས་རྒྱུ་བ་མགུ་ཁེངས་ཤིང་མང་ཚོགས་ལ་ཕན་པ་བླ་ན་མེད་པ་ཐོབ་བོ།།
      2015ལོ་ནས་བཟུང་། མཛོད་དགེ་རྫོང་གིས་ཆབ་ཁང་གསར་བརྗེའི་འཆར་གཞི་ལོ་ངོ་གསུམ་གྱི་ནང་དུ་ཡོངས་སུ་གྲུབ་པར་བྱས་ཏེ། ཏང་སྲིད་གཅིག་བསྡུས་དང་། སྡེ་ཁག་མཉམ་འབྲེལ། སྤྱི་ཚོགས་མཉམ་ཞུགས། ཚན་རྩལ་གསར་གཏོད། དམངས་ཡོངས་མཉམ་བསྐྲུན་གྱི་རྣམ་པའི་སྒོ་ནས་རྫོང་ཡོངས་ཀྱི་ལྗོངས་སྐོར་ཆབ་ཁང་གི་ཁ་གྲངས་དང་ཇེ་མང་དང་། རྒྱུ་སྤུས་ཇེ་བཟང་། བཀོད་སྒྲིག་ལུགས་དང་མཐུན་པས་མང་ཚོགས་དང་འགྲོན་པོས་བསྟོད་པའི་མཐེ་བོང་བསྒྲེང་བཞིན་འདུག
      བསམ་པའི་དཔལ་ཡོན་བསྐྲུན་པར་རྫོགས་པའི་མཐའ་མེད་པ་ནང་བཞིན་ཆབ་ཁང་གསར་བརྗེར་ནམ་ཡང་མཚམས་འཇོག་མི་སྲིད་ལ། ཁྲིན་ཞིན་གྱིས་བཤད་རྒྱུར། རྗེས་མར་རྫོང་གིས་མུ་མཐུད་དུ་ཆབ་ཁང་གི་བདག་གཉེར་ལམ་ལུགས་གསར་གཏོད་དང་། ཕྱོགས་ཡོངས་ནས་སྤྱི་དམངས་ལ་ཆབ་ཁང་གི་དྲིལ་སྒྲོག་སློབ་གསོ་ཤུགས་ཀྱིས་སྤེལ་ཏེ། ཆབ་ཁང་ནི་ལྗོངས་སྐོར་སྤྱི་བའི་ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་བཏང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དཔལ་ཡོན་ལྗོངས་སྐོར་འགྲེམ་པའི་སྟེགས་བུ་གལ་ཆེན་ཞིག་ཏུའང་གྱུར་ཡོད་པས། མང་ཚོགས་དང་ལྗོངས་སྐོར་མགྲོན་པོ་ཀུན་གྱི་བདེ་སྐྱིད་ཀྱི་ཚོར་བ་སྔར་བས་ཆེ་རུ་བཏང་ངོ་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1