ལོ་གསར་པ་འགོ་ཚུགས་པ་དང་རྣམ་པ་གསར་པ་མངོན་ཡོད། དམག་ཡོངས་ཀྱི་གོང་འོག་ཚང་མས་དམག་གྲབས་ཨང་གསར་བྱེད་པ་དང་དམག་སྦྱོང་བྱེད་བཞིན་པའི་སྒང་ཡིན་པ་རེད། སྤྱི་ཚེས་གསུམ་ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་སྤྱི་ལོ་2018ལོའི་དམག་སྦྱོང་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཡོངས་ལ་དམག་སྦྱོང་བཀའ་རྒྱ་ཁྱབ་བསྒྲགས་གནང་སྟེ། དམག་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་འགྱུར་བའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། དམག་འཐབ་དངོས་ཀྱི་དམག་དོན་སྦྱོང་བརྡར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། འཐབ་ན་རྒྱལ་བའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དགུན་དུས་ཀྱི་ཧྭ་བྱང་ས་གཞི་ཆེན་མོར་གྲང་ངར་ཤིན་ཏུ་ཆེ་རུང་དམག་སྦྱོང་ར་བར་སྐྱེ་སྟོབས་འཕེལ་ཞིང་སྤྲོ་སེམས་ཀྱིས་ཁེངས་ཡོད། དམག་སྦྱོང་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་གྱི་ཚོགས་ར་གཙོ་བོ་སྟེ། དབུས་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ཐོན་ཤོག་ག་གེ་མོའི་ཚ་ཁ་བལྟ་སར་ཡིན་པ་དང་། དཔོན་དམག་བདུན་སྟོང་ལྷག་ཙམ་ཚང་མས་དྲག་ཆས་སྤྲས་པ་དང་རུ་བསྟར་བསྒྲིགས་ཤིང་རྔམ་བརྗིད་ལྡན་པ། འཁོར་རིགས་སྒྲིག་ཆས་སུམ་བརྒྱ་ལྷག་ཙམ་གྲལ་སྒྲིག་པ་དང་བརྗིད་ཉམས་ཆེན་པོ་ཡོད་པ་རེད། དམག་གཟིགས་སྟེགས་བུའི་ཐོག་ཀྲུང་དབྱང་དམག་ཨུད་ཀྱི་སྤྱི་ལོ་2018ལོའི་དམག་སྦྱོང་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། དམག་འཐབ་དངོས་ཀྱི་བླང་བྱ་ལྟར་སྦྱོང་བརྡར་བྱེད་པ་དང་། སྦྱོང་བརྡར་ནང་དམག་འཐབ་དངོས་ཀྱི་རྣམ་པ་མངོན་པ། དམག་སྦྱོང་དང་དམག་འཐབ་དངོས་གཞི་གཅིག་ཅན་ལ་འགྱུར་བ། འབོད་ན་སླེབས་པ་དང་། སླེབས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་བ་བཅས་ཀྱི་ཡིག་འབྲུ་དེ་དག་དེ་བས་མངོན་གསལ་དོད་པོ་ཡོད་པ་རེད། དུས་མཚུངས་སུ་དམག་ཡོངས་ཀྱིས་ཡན་ལག་ཚོགས་ར་བཞི་སྟོང་ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་ཐང་རྒོད་དམག་འཐབ་ཅན་གྱི་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། གངས་ཁྲོད་ནགས་གླིང་ནས་གནམ་སའི་མཐའ་ཞེས་འབོད་པའི་མཚོ་ཁོངས་བར། ནུབ་བྱང་གི་བྱེ་ཐང་ཆེན་མོ་ནས་ཤར་ལྷོའི་མཚོ་འགྲམ་བར། ཀྲུང་ཧྭ་དབུས་རྒྱུད་ཀྱི་ལྟེ་བ་ནས་ལེ་དབར་ཁྲི་ཡི་མཐའ་མཚམས་བར་དམག་རིགས་གསུམ་གྱི་དཔོན་དམག་གིས་བརྗིད་ཉམས་ཆེན་པོས་ཀྲོང་ངེར་ལངས་པ་དང་མཉམ་དུ་འཛོམས་ནས་བཀའ་སྒུག་ཡོད། དེ་ནི་ཀྲུང་དབྱང་དམག་ཨུད་ཀྱིས་དམག་ཡོངས་གཅིག་གྱུར་སྒྲིག་འཛུགས་བྱས་ཏེ་དམག་དཔུང་སྦྱོང་བརྡར་བྱེད་འགོ་འཛུགས་ཐེངས་དང་པོ་ཡིན་ཞིང་། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་དམག་དཔུང་སྦྱོང་བརྡར་དང་དམག་འཐབ་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པའི་རྣམ་པ་གསར་རྐྱང་མངོན་པ་ཞིག་རེད།
ཆུ་ཚོད་བཅུ་པར། ཞི་ཅིན་ཕིང་གིས་དམག་ཆས་ཆ་ཚང་བཞེས་ཏེ་ཚོགས་ར་གཙོ་བོའི་དམག་གཟིགས་སྟེགས་བུའི་ཐོག་ཕེབས་ཡོད།
སྦྱོང་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་ཚོགས་འགོ་བཙུགས་པ་དང་། དཔོན་དམག་ཚོས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུ་སྐད་གསེངས་མཐོན་པོས་བླངས་པ་དང་། སྐད་གསེངས་མཐོ་བའི་གླུ་སྒྲ་བར་སྣང་ཡོངས་དང་དམག་སྒར་ཡོངས་ལ་ཁྱབ་ཡོད། དེ་རྗེས་ཞི་ཅིན་ཕིང་ནས་དམག་ཡོངས་ལ་སྦྱོང་བརྡར་བཀའ་རྒྱ་ཁྱབ་བསྒྲགས་གནང་ཡོད། ཁོང་གིས། དམག་ཡོངས་ཀྱི་རིམ་ཁག་ནས་དམག་དཔུང་སྦྱོང་བརྡར་དང་དམག་འཐབ་གྲ་སྒྲིག་གི་ཁ་གསལ་བའི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་དམག་དོན་སྦྱོང་བརྡར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ། ལས་དོན་གྱི་ལྟེ་བར་འཛིན་པ། དམ་འཛིན་ལྷོད་མེད་དང་ཕན་འབྲས་ཐོན་པའི་དམ་འཛིན་བྱེད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། གོང་ནས་འོག་ལ་མིག་དཔེ་སྟོན་པ། དམག་འཐབ་དངོས་དང་སྦྱོང་བརྡར་དངོས་བྱེད་པ། མཉམ་དུ་སྦྱོང་བརྡར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྩ་དོན་ལྟར་སྦྱོང་བརྡར་བྱེད་པ། སྦྱོང་བརྡར་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྦྱོང་བརྡར་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་སྦྱོང་བརྡར་བྱ་ཐབས་གསར་གཏོད་བྱེད་པ། སྦྱོང་བརྡར་གྱི་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ། སྦྱོང་བརྡར་ལ་ལྟ་ཞིབ་ནན་པོ་བྱེད་དགོས། མང་ཚོགས་རང་བཞིན་གྱི་དམག་དཔུང་སྦྱོང་བརྡར་དང་དམག་འཐབ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་དང་། དམིགས་སའི་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ཤུགས་ཆེར་གཏོང་བ། དམག་དོན་སྦྱོང་བརྡར་གྱི་དམག་འཐབ་དངོས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པའི་འཇོན་ཐང་ཁོང་དུ་ཆུད་པ་བྱེད་དགོས། དམག་ཡོངས་ཀྱི་བཀོད་འཐབ་པས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི་དམག་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ། སྙིང་རུས་ཆེན་པོས་སྦྱོང་བརྡར་དང་ཚན་རིག་དང་མཐུན་པའི་སྦྱོང་བརྡར། དཀའ་ངལ་ལས་རྣམ་པར་བརྒལ་ཐུབ་པ། འགྲན་ཡ་ལས་བརྒལ་ཐུབ་པ། འབོད་ན་སླེབས་པ་དང་། སླེབས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པའི་དམག་ཧྲག་དཔུང་སྡེ་སྦྱོང་བརྡར་བྱས་ཏེ་ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་འོས་འགན་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་སྦྱོར་བརྡར་བཀའ་རྒྱ་གནང་རྗེས། ཚོགས་ར་ཡོངས་སུ་ཡུན་རིང་ཐལ་མོའི་རྡེབ་སྒྲ་ཆེན་པོ་བསྒྲགས་ཡོད།
སྤྱི་འདོམས་པས་བཀའ་རྒྱ་བཏང་རྗེས། དམག་ཡོངས་ནས་མཉམ་དུ་བྱ་སྤྱོད་སྤེལ་ཡོད། སྦྱོང་བརྡར་བཀའ་རྒྱ་དང་ལེན་གནང་རྗེས། ཚོགས་ར་ཡོངས་ཀྱི་དཔོན་དམག་ནས་རྣམ་པར་བཀྲ་བའི་བརྒྱད་གཅིག་དམག་དར་ལ་ཁ་ཕྱོགས་ནས། སྐད་གསང་མཐོན་པོས་དམག་མིའི་དམ་ཚིག་གྱེར་ཀློག་གནང་ཡོད།
དམག་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། དམ་ཚིག་ནན་པོ་སྐྱོར་ནས། དཔོན་དམག་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་རྒྱར་ཉན་པ་དང་། དམག་སྦྱོང་དང་དམག་གྲབས་ལ་དམ་འཛིན་ནན་པོ་བྱ་རྒྱུའི་བློ་སྟོབས་བརྟན་པོ་གང་ལེགས་མངོན་པར་བྱས་ཡོད། བཀའ་རྒྱ་བཏང་མ་ཐག འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། སྤྱི་ལོ་2018ལོའི་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་དངོས་སུ་འགོ་ཚུགས་ཡོད་ཅིང་། དཔུང་སྡེ་ཁག་གིས་འཆར་གཞི་ལྟར་སྦྱོང་བརྡར་བྱས་ཡོད། ཚོགས་རྭ་གཙོ་བོའི་དཔོན་དམག་གིས་དམག་འཐབ་རླངས་འཁོར་ཐོག་འཛེགས་པ་དང་། དམག་འཐབ་བྱེད་སར་བསྐྱོད་ནས། འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། དུས་གཅིག་ཏུ་འབོད་ཚིག་མཐོན་པོ་སྒྲོག་པ་དང་། འཕྲུལ་ཆས་ཀྱི་སྐད་སྒྲ་ཆེ་བ། དམག་སར་ཐལ་རྡུལ་ལྡང་བ་བཅས་རྒྱ་སྟག་གཡུ་འབྲུག་ནང་ལྟར་གྱི་རྣམ་པ་ཐོན་ཡོད། ཞི་ཅིན་ཕིང་གིས་ས་ཆ་དངོས་སུ་ཚོགས་རྭ་གཙོ་བོའི་དཔོན་དམག་གིས་བཅའ་སྡོད་སྦྱོང་བརྡར་ས་ཁོངས་སུ་སྟབས་བསྟུན་གཅིག་སྡུད་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་བསྔགས་བརྗོད་གནང་ཡོད།
ཞི་ཅིན་ཕིང་གིས་བརྙན་མཐོང་བརྒྱུད་དམག་ཁག་གིས་དམག་རིགས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཐང་རྒོད་ཀྱི་ཁག་བགོས་ཚོགས་རྭར་སྦྱོང་བརྡར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཡོད། མེས་རྒྱལ་གྱི་བྱང་ཕྱོགས་སུ་གངས་འཁྱག་གིས་ཁེངས་ཡོད་པ་དང་། སྐམ་དམག་གི་མཉམ་འདྲེས་ལུད་ཤོག་ག་གེ་མོའི་དཔོན་དམག་གིས་གངས་དང་གྲང་རླུང་ལ་མི་འཛེམས་པར་གོ་མཚོན་དང་སྒྲིག་ཆས་དངོས་ཀྱི་སྦྱོང་བརྡར་བྱས་ཡོད། མེས་རྒྱལ་གྱི་ལྷོ་ཕྱོགས་སུ་དམག་དོན་གྲུ་ཁར་རྒྱ་མཚོའི་རྦ་རླབས་འཕྱུར་བཞིན་ཡོད། མཚོ་དམག་སྐམ་འཐབ་རུ་ཁག་གིས་སྐམ་སར་འཛེགས་པ་དང་སྒྲིག་ཆས་བླུགས་པའི་སྦྱོང་བརྡར་སྤེལ་ཡོད། ཧ་པེ་དབུས་རྒྱུད་བདེ་ཐང་མུ་མཐའ་མེད་པ་དང་། མཁའ་དམག་གི་ཚོད་ལྟའི་སྦྱོང་བརྡར་རྟེན་གཞི་ཞིག་ཏུ་མཁའ་ཐོག་འཐབ་འཛིང་དང་ས་ཐོག་འཇབ་རྒོལ་གྱི་སྦྱོང་བརྡར་བྱས་ཡོད། འབྲི་ཆུའི་ལྷོ་རྒྱུད་ཀྱི་རི་མ་ཐང་ནགས་ཚལ་གྱིས་ཁེངས་པ་དང་། མེ་ཤུགས་འཕུར་མདའི་དམག་གི་མེ་ཤུགས་འཕུར་མདེལ་ལུད་ཤོག་ག་གེ་མོས་གནས་སྤོས་ཚོད་ལྟའི་སྦྱོང་བརྡར་བྱས་ཡོད། པེ་ཅིང་ཉེ་འདབས་སུ་གནམ་གཤིས་གྲང་ངར་ཆེ་བ་དང་། དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གིས་གློ་བུར་དུ་ཐོན་པའི་གནས་ཚུལ་སྟབས་བསྟུན་ཐག་གཅོད་བྱེད་པའི་སྦྱོང་བརྡར་སྤེལ་ཡོད།
དམག་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་སྤྲོ་སེམས་རབ་རུ་འཁོལ་བ་དང་། དམག་འཐབ་བློ་སྟོབས་ཆེན་པོས། ཀྲུང་ཧྭ་ཡི་ས་གཞི་ཆེན་པོའི་ཐོག་དམག་འཐབ་དངོས་ཅན་གྱི་དམག་དོན་སྦྱོང་བརྡར་བྱེད་པའི་མཐོ་རླབས་མྱུར་དུ་འཕྱུར་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུད་ཆི་ལེང་གིས་སྦྱོང་བརྡར་སྐུལ་སློང་ཚོགས་ཆེན་གཙོ་སྐྱོང་གནང་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུ་ཞ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥོང་ཧོ་དང་། ལི་ཙོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིན། དམག་ཨུད་ལས་ཁུངས་ཀྱི་ཚན་པ་ཁག་གི་འགོ་ཁྲིད་གཙོ་བོ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།།