༄༅།། རྐུ་འཕྲོག་ཉེས་གསོག་གི་ཚབས་ཆེ་ཆུང་ལ་གཞིགས་པའི་ཉེས་ཆད་གཅོད་ཚད།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 01-22


        རང་རྒྱལ་གྱི《ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་རེ་བཞི་པའི་གཏན་འབེབས་ནང་། གཞུང་དང་མི་སྒེར་གྱི་རྒྱུ་དངོས་རྐུ་འཕྲོག་བྱས་པ་དང་གྲངས་འབོར་ཆེ་བའམ་ཡང་ན་རྐུ་འཕྲོག་ཐེངས་མང་བྱས་པ་དང་། དུད་ཁྱིམ་དུ་འཛུལ་ནས་རྐུ་འཕྲོག་བྱས་པ། མཚོན་ཆ་ཁྱེར་ནས་རྐུ་འཕྲོག་བྱས་པ། མཐེབ་དྲས་རྐུ་རྒྱག་བྱས་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཙན་ཉར་ལས་སྐུལ། གཅུན་འདོམས་བཅས་བྱེད་པ་དང་འབྲེལ་དངུལ་ཆད་གཅོད་རྒྱུ། གྲངས་འབོར་ཅུང་ཆེ་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་རིགས་ལ་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱེད་པ་དང་འབྲེལ་དངུལ་ཆད་གཅོད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་གནས་ཚུལ་ཧ་ཅང་ཚབས་ཆེན་གཞན་དག་ཡོད་རིགས་ལ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་ཚེ་གང་བཙོན་འཇུག་བྱ་རྒྱུ་དང་དངུལ་ཆད་གཅོད་རྒྱུ་མ་ཟད་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་ཡིན་པ་འཁོད་ཡོད།
        ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《རྒྱུན་མཐོང་ཉེས་གསོག་ལ་ཉེས་ཆད་གཅོད་ཚད་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ནང་རང་ཉེས་ངོས་ལེན་ཞུ་སྐབས་རང་ཉེས་ངོས་ལེན་ཞུ་བའི་སྐུལ་སློང་དང་། དུས་ཚོད། བྱ་ཐབས། ནག་ཉེས་ཚབས་ཆེ་ཆུང་། ནག་ཉེས་གསོག་པའི་རྒྱུད་རིམ་ཇི་བཞིན་བརྗོད་པའི་ཚད་གཞི། རང་ཉེས་འགྱོད་བཤགས་ཀྱི་རྣམ་འགྱུར་སོགས་ལ་བལྟས་ནས་གཞི་རྩའི་ཉེས་ཆད་ཀྱི་ཚད་གཞིའི་40%མན་ཡང་དུ་གཏོང་ཆོག་ལ། ཉེས་གསོག་ཚབས་ཆེན་པོ་མེད་ཚེ་གཞི་རྩའི་ཉེས་ཆད་ཀྱི་ཚད་གཞིའི་40%ཡན་ནམ་ཡང་ན་ཁྲིམས་ལྟར་ཆད་གཅོད་མེད་པ་བཟོ་ཆོག རྐང་བཙུགས་ནས་རང་ཉེས་ངོས་ལེན་ཞུ་བའི་ཐབས་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་ཆད་གཅོད་ལས་གཡོལ་ཐབས་བྱེད་པ་སོགས་ཡིན་ཚེ་ཉེས་ཆད་གུ་ཡངས་གཏོང་རྒྱུ་མིན་པ་བཏོན་ཡོད།
        རྐུ་འཕྲོག་ཉེས་གསོག་དོགས་ཅན་གྱིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཚེ་ཉེས་ཆད་གཅོད་པའི་ཚད་གཞིར་གཞིགས་ནས་བསམ་གཞིགས་བྱེད་ངེས། ཁྲིམས་ཁང་གིས་གྱོད་གཞི་ཁྲུན་ཐག་གཅོད་སྐབས་ཉེས་བསགས་ཐོག་མ་ཡིན་པ་དང་རང་ཉེས་ངོས་ལེན་ཞུ་བའི་གནས་ཚུལ་ལ་གཞིགས་ནས་ཁྲིམས་དཔོན་གྱིས་ཉེས་གསོག་དོགས་ཅན་ལ་ཁྲིམས་ཐག་ཡང་པོ་གཅོད་པ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1