བ་དཀར་པོ།(བདེ་ཆེན)
དབྱངས་ཅན་མ ང་ལ་སྒྲ་དབྱངས་མི་དགོས སྙན་ངག་ནི་དེ་བས་ཀྱང་མི་དགོས
དབྱངས་ཅན་མ ང་ལ་འཁོར་བའི་སྡུག་བསྔལ་གཅིག་པུ་སྩོལ་རོགས
རྒྱུ་མཚན་ནི འཁོར་བའི་སྡུག་བསྔལ་ལྡན་པས་ངའི་བློ་རྒྱ་མཐའ་ཀླས་རྒྱ་མཚོ་བཞིན
འཁོར་བའི་སྡུག་བསྔལ་ལྡན་པས་ང་ལ་བདེ་སྡུག་གི་མྱོང་བ་གྲུབ་པར་བྱས
དབྱངས་ཅན་མ ང་ལ་ངག་རིག་གི་དངོས་གྲུབ་མི་དགོས སྙན་ངག་ནི་དེ་བས་ཀྱང་མི་དགོས
དབྱངས་ཅན་མ ང་ལ་ཁེར་རྐྱང་གི་སྡུག་བསྔལ་གཅིག་པུ་སྩོལ་རོགས
རྒྱུ་མཚན་ནི ཁེར་རྐྱང་གི་སྡུག་བསྔལ་ལྡན་པས་ང་ལ་བརྩེ་བའི་གཙང་ཆབ་བྲུག
ཁེར་རྐྱང་གི་སྡུག་བསྔལ་ལྡན་པས་ངའི་འཇིག་རྟེན་ལ་ཕུན་ཚོགས་ཀྱི་འོད་ཞགས་འཁྱིལ
དབྱངས་ཅན་མ ང་ལ་སྙན་ངག་མི་དགོས ཁྱེད་ཀྱི་མཆོར་སྒེག་ལང་ཚོ་ནི་དེ་བས་ཀྱང་མི་དགོས
དབྱངས་ཅན་མ ང་ལ་སེམས་ཅན་ཡོད་ཚད་ཀྱི་སྡུག་བསྔལ་གཅིག་པུ་བསྩལ་ན་ཆོག
རྒྱུ་མཚན་ནི སེམས་ཅན་གྱི་སྡུག་བསྔལ་ནི་ང་རང་སྐྱོབ་པའི་ཉི་མའི་འཇའ་ཟམ་ཡིན་ཞིང
འཇའ་ཟམ་དེར་བརྟེན་ནས་ངས་རང་ཉིད་གསར་པ་ཞིག་བཞེང་དགོས
དབྱངས་ཅན་མ
གང་ལྟར སྡུག་བསྔལ་གཅིག་པུ་ང་ལ་སྩོལ་རོགས
[ཕྲན་དཔྱད།/ཏཱ་ན་འབྲོག་ཕྲུག (རྨ་ལྷོ)] གྲོགས་པོ་ཞིག་གིས་མཚམས་སྦྱོར་གནང་བ་བཞིན་ཁ་བ་དཀར་པོ་ལགས་ཀྱི་སྙན་ངག་འགའ་ཀློག་རྒྱུ་བྱུང་ཞིང་། སྙན་ངག་དེ་དག་གི་ཁྲོད་ནས《དབྱངས་ཅན་མ། སྡུག་བསྔལ་གཅིག་པུ་ང་ལ་སྩོལ་རོགས》ཞེས་པ་འདི་རང་གི་ཞེ་ལ་ཤིན་ཏུ་ཡག་སྣང་ཤར། འོན་ཀྱང་ཇི་ལྟར་ཡག་གམ་ཞེ་ན་ཤིན་ཏུ་བརྗོད་དཀའ་བའམ་བརྗོད་ཐབས་མེད་པ་ཞིག་ཀྱང་ལགས་ཏེ། སྤྱིར་སྙན་ངག་སོགས་སྒྱུ་རྩལ་གྱི་བརྩམས་ཆོས་དག་ནི་ཀློག་པའམ་མྱོང་བའི་ཚེ་ན་བུ་རམ་གྱི་རོ་བཞིན་བྲོ་བ་ཁྱད་དུ་འཕགས་པ་ཞིག་ཡོད་ཀྱང་། རང་གིས་གང་མྱངས་པའམ་མྱོང་བ་དེ་ཇི་མ་ཇི་བཞིན་གཞན་ལ་བརྗོད་ཐབས་མེད་དེ། ཚད་ཡོད་པའི་སྐད་ཆའི་གཏན་ཚིགས་ཀྱི་སྦྱོར་བ་ལ་བརྟེན་ནས་ཚད་མེད་པའི་དབང་བོའི་ལོངས་སྤྱོད་དང་ཚོར་བའི་ངོ་མཚར་བརྗོད་མི་ཐུབ་པ་ནི"ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་ན།། དེ་ལྟར་མཁས་པའི་ཚིག་ནི་ལྐུགས་པར་འགྱུར།།"ཞེས་གསུངས་པ་བཞིན་ལགས་ཤིང་། དངོས་པོའི་གཤིས་ལ་ཉེ་བར་བཅར་བའི་ཚོར་བ་ཤིན་ཏུ་ཕྲ་མོའི་རིགས་ནི"སྨྲ་བསམ་བརྗོད་དུ་མེད་པ"ཤ་སྟག་གོ །
དེ་ལྟར་ཁོ་བོས་སྙན་ངག་འདི་བཀླགས་པ་ལས་སེམས་ཚོར་ཕྲ་མོའི་རིགས་གང་བྱུང་བ་དེ་ནི་སྐབས་འདིར་ལྷན་རྒྱས་ལ་ཞུ་ཐབས་མེད་པས་ན་དགོངས་དྭངས་མི་ཞུ་ཀ་མེད་བྱུང་། འོན་ཏེ"རགས་པའི"དབང་དུ་བྱས་ན། ཐོག་མར་སྙན་ངག་འདིའི་ཁ་བྱང་ཤིན་ཏུ་ཞེ་ལ་འཕྲོད་པ་ཞིག་བྱུང་བ་སྟེ། དེའང་དབྱངས་ཅན་མ་ནི་རྒྱ་བོད་ཀྱི་གནའ་དེང་གི་ངག་རིག་སྨྲ་བ་ཡོངས་ཀྱི་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། གྲོགས་དང་སྙིང་ཉེ་རུ་གྱུར་ཡོད་ལ།"དབྱངས་ཅན་མ་ནི་ཁོ་བོ་ཡི།། ཡིད་ལ་རིང་དུ་གནས་པར་མཛོད།།"ཅེས་དང་།"ཚངས་པའི་བུ་མོ་བདག་སྙིང་ཁབ་ཏུ་རོལད།།"(《དབྱངས་ཅན་མ་འཚོལ་བ》ལས)ཅེས་སོགས་མཆོད་བསྟོད་འབུལ་ས་དང་རེ་ཞུ་བྱེད་ས། སྙིང་གཏམ་བཤད་ས་དང་འོ་དོད་འབོད་སའི་ཡུལ་དུ་གྱུར་ཅིང་། ངག་རིག་སྨྲ་བ་དག་གིས་དབྱངས་ཅན་མ་ཞེས་པ་འདི་ཉིད་བཞིན་ལག་གི་རྣམ་པར་ཤར་བའི་ལྷ་མོ་ཞིག་ལས་འདས་པའི་རྟོག་བཏགས་ཀྱི་ངོ་བོར་བཞེངས་པའི་སྒྱུ་འཕྲུལ་གྱི་མི་མོ་ཞིག་ཏུའང་བློས་བསླངས་བྱས་འདུག འདི་ནི་འཇིག་རྟེན་སྤྱི་ལུགས་ཀྱི་ཚུལ་དང་མི་མཐུན་པ་ཞིག་ཡིན་པ་སྨོས་མེད་ཡིན། ལྷག་ཏུ་སྙན་ངག་འདིར
"སྡུལ་བསྔལ་གཅིག་པུ་ང་ལ་སྩོལ་རོགས"ཞེས་ཕལ་བའི་མི་རྣམས་ཧང་སང་བར་བྱེད་པའི་རེ་ཞུ་ཞུས་བྱུང་། སྤྱིར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ནི་སེམས་ཅན་སྤྱི་ཡི་རང་བཞིན་ལགས་མོད། གང་ཞིག་བདེ་བ་དང་གང་ཞིག་སྡུག་བསྔལ་ཡིན་པའི་བདེ་སྡུག་གི་ཁྱད་པར་འབྱེད་ཚུལ་གྱི་སྟེང་ནས་བསམས་ན། མི་ཕལ་མོ་ཆེའི་བློ་ངོ་རུ་བདེ་སྡུག་གི་ཁྱད་པར་ནི་ཐག་ཁྲའི་རྒྱུ་སྤུན་དཀར་ནག་བསྣོལ་མར་བསླས་པ་བཞིན་གསལ་ལྷང་ངེ་བ་ཞིག་ཏུ་བསམས་ཡོད་མོད། དོན་ལ་དེ་ནི་ཀུན་ལ་གྲགས་པ་དང་ཡོངས་སུ་མཐུན་པའི་འཇིག་རྟེན་སྤྱི་ལུགས་ཀྱི་རྣམ་གཞག་ཅིག་གི་རྗེས་སུ་ཅལ་འདྲོགས་བྱས་པ་ཙམ་དུ་ཟད་དེ། ཀུན་གྱིས་ལེགས་པར་འདོད་པ་ལེགས་པར་བཤད། ཀུན་གྱིས་མཛེས་པར་བསྒྲགས་པ་མཛེས་པར་འཛིན་པ་ལས། སོ་སོ་སྒེར་གྱི་ནང་སེམས་ཀྱི་ཟབ་ས་དང་བླ་སྲོག་གི་ངོ་བོར་ཉེ་བར་བཅར་ནས་བདེན་པ་ནི་གང་། རྫུན་པ་ནི་གང་། བདེ་བ་ནི་གང་། སྡུག་བསྔལ་ནི་གང་ཞེས་པའི་རྣལ་དུ་བབས་པའི་བསམ་གཞིག་གཏོང་མཁན་ཤིན་ཏུ་ཉུང་། ལྷག་ཏུ་ད་ལྟའི་སྤྱི་ཚོགས་སུ་དེ་འདྲ་ཡིན་ཏེ། འགྲན་རྩོད་དང་འཕེལ་རྒྱས་ཞེས་པ་ཕལ་མོ་ཆེ་ནི་སྤྱི་ཚོགས་ཀྱི་རླབས་རྒྱུན་དང་བསྟུན་ནས་གང་འཚམ་དེར་བསྟུན་བྱེད་པ་ཡིན་ལ། སྐབས་འདི་ལྟ་བུར་ཁ་ནང་དུ་ཕྱོགས་ནས་རང་ངོ་འཚོལ་བའམ། བཅོས་མ་མ་ཡིན་པའི་མི་གཤིས་ཀྱི་གསལ་ཆ་ཕྱིར་མངོན་ཐུབ་མཁན་ནི་ཉུང་བ་ལས་ཀྱང་ཆེས་ཉུང་བས་འཇིག་རྟེན་གྲགས་པའི་རྗེས་སུ་འདུར་མཁན་མང་བར་གྱུར། དེ་བས་ན།"སྡུག་བསྔལ་གཅིག་པུ་ང་ལ་སྩོལ་རོགས"ཞེས་པ་ནི་ཕལ་མོ་ཆེའི་བློ་ལ་ཤོང་དཀའ་བ་ལགས་ཤིང་། ཏག་ཏག་སྙན་ངག་པ་ཞེས་པ་ཕལ་བའི་མི་ཡིན་པ་ལ་ཕལ་བའི་མི་དང་མི་འདྲ་བའི་ཁྱད་གཤིས་ཀྱང་འདི་ནས་མངོན་པར་གྱུར།
སྙན་ངག་དངོས་ཀློག་པའི་ཚེ་ན་ཁྱད་གཤིས་དེ་སྔར་ལས་ཀྱང་གསལ་བར་འགྱུར་ཏེ། གལ་ཏེ་ཐོག་མའི་ཆར་ང་ཚོས་རྩོམ་པ་པོས་དབྱངས་ཅན་མར་རེ་ཞུ་གང་འདྲ་ཞིག་བྱེད་ངེས་པར་ཚོད་དཔག་ཅིག་བྱས་ན།"ང་ལ་སྒྲ་དབྱངས་སྩོལ་རོགས""ང་ལ་ངག་རིག་གི་དངོས་གྲུབ་སྩོལ་རོགས།""ང་ལ་སྙན་ངག་སྩོལ་རོགས""ང་ལ་ཁྱོད་ཀྱི་དངོས་གྲུབ་སྩོལ་རོགས"ཞེས་པ་དག་ལས་གང་རུང་ཞིག་ཞུ་སྲིད་པར་སྙམ་ཡང་། རྩོམ་པ་པོ་ནི་ཏག་ཏག་དེ་ལས་ལྡོག་སྟེ།"ང་ལ་དེ་དག་མི་དགོས"ཞེས་བློ་ཐག་ཆོད་པོས་བཤད་སོང་། འཚོ་བའི་ཁྲོད་དུ་མི་ཕལ་མོ་ཆེས་ཉིན་མཚན་དུས་དྲུག་ཏུ་བསམ་བྱ་དང་བསྙེག་བྱ་ནི་དབང་གྲགས་དངུལ་གསུམ་ལས་མ་འདས་པ་ཇི་བཞིན། ང་ཚོའི་ནམ་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་གང་ཡིན་རུང་སྤྱི་བའི་སྒྲོམ་གཞི་ཞིག་ལས་བརྒལ་ཐུབ་ཀྱིན་མེད་པ་འདི་ལས་ཤེས་ཐུབ།
དེ་ལྟའི་སྤྱི་བའི་སྒྲོམ་གཞི་ཞིག་ལས་ཕ་རོལ་དུ་བརྒལ་དགོས་ན་སླ་མོ་ཞིག་ཁྱོན་ནས་མིན་ཏེ། དེ་ལ་བླ་ན་འཕགས་པའི་ཤེས་རབ་དང་གཟེངས་སུ་ཐོན་པའི་སྤོབས་པ་ཞིག་མེད་ཐབས་མེད་དོ།། སྙན་ངག་འདིར"ངའི་བློ་རྒྱ་མཐའ་ཀླས་རྒྱ་མཚོ་བཞིན""ངའི་འཇིག་རྟེན་ལ་ཕུན་ཚོགས་ཀྱི་འོད་སྣང་འཁྱིལ"ཞེས་རང་རྟོན་གྱི་འདུ་ཤེས་གཞན་དང་མི་འདྲ་བ་ཞིག་ལྡན་པའི་ཚུལ་ལས། གཞི་ནས་སྙན་ངག་པའི་ཤེས་རབ་དང་སྤོབས་པའི་ཆ་ཞིག་གསལ་བོར་མངོན་ཡོད། བོད་ཀྱི་གཙོ་རྒྱུག་རིག་གནས་ཀྱི་ལྟ་བ་ལྟར་ན། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ལ། འཇིག་རྟེན་མི་ཡི་སྤྱི་ལུགས་ལྟར་ན། སྡུག་བསྔལ་ནི་སྤང་བྱ་ཁོ་ན་ཡིན། འོན་ཏེ་སྙན་ངག་པས"ང་ལ་འཁོར་བའི་སྡུག་བསྔལ་གཅིག་པུ་སྩོལ་རོགས"ཞེས་སྤང་བྱ་དེ་དག་ཕུགས་བསམ་གྱི་བསྙེག་བྱ་ཞིག་ཏུ་བཟུང་འདུག འདི་ནས་སྙན་ངག་པས་བསམ་བཞིན་གཙོ་རྒྱུག་རིག་གནས་ལ་འགྲན་བསླངས་པའམ་འཇིག་རྟེན་སྤྱི་
ལུགས་ལ་ངོ་ལོག་བྱས་པ་ནི་མིན་ངེས་ཀྱང་། སྙན་ངག་པ་ཞེས་པའི་སྐྱེ་བོ་འདི་དག་གི་ཐུན་མིན་གྱི་སྒེར་གཤིས་ཡོངས་སུ་མངོན་ཞིང་། ཏག་ཏག་སྒེར་གཤིས་འདི་ལས་ང་ཚོའི་སྙན་ངག་གི་མཛེས་པ་དང་སྙན་ངག་པའི་མཛེས་པ་གཞན་ཞིག་མཐོང་ཐུབ། འཚོ་བ་ནི་དགའ་སྐྱོ་ཆགས་སྡང་གི་རྐྱ་འཐབ་པའི་དྲ་བ་ཆེན་པོ་ཞིག་ལགས་ན། དགའ་བ་ཡོད་པས་སྐྱོ་བའི་རོ་ཉམས་ཤེས། ཆགས་པ་ཡོད་པས་སྡང་བའི་ན་ཟུག་མྱོང་། སྡུག་བསྔལ་ཡོད་པས་བདེ་བའི་བྲོ་བ་ཚོར་བ་སྟེ། མིའི་ལྷན་གཤིས་ཀྱི་ངོ་བོ་དང་གཉུག་མའི་རང་བཞིན་འདི་ལྟར་ལགས་ཤིང་། ངོ་བོ་དེ་དང་རང་བཞིན་འདི་ལ་ཉེ་བར་བཅར་ཐུབ་ཚེ་གཞི་ནས"བདེ་སྡུག་གི་མྱོང་བ་གྲུབ་པར་བྱས"ཤིང་།"འཇིག་རྟེན་ལ་ཕུན་ཚོགས་ཀྱི་འོད་ཞགས་འཁྱིལ"བར་འགྱུར་སྲིད། རྟག་ཏུ་གཞན་ཟེར་རྗེས་ཟློས་དང་གཞན་གྱི་བཤུལ་ལམ་འབའ་ཞིག་སྙེག་མཁན་དག་ལ་མཚོན་ན།"རང་ཉིད་གསར་པ་ཞིག་བཞེང་དགོས"པའི་ཀུན་སློང་དེ་འདྲ་ནམ་ཡང་སྐྱེ་མི་སྲིད་ཅིང་། སོ་སོ་རང་ཉིད་ཀྱི་ཚོར་ཤེས་ཀྱི་མཛེས་པར་གཙིགས་འཛིན་དང་དཔྱོད་ཤེས་ཀྱི་བློ་གྲོས་ལ་བརྩི་བཀུར་བྱེད་མཁན་གྱི་སྙན་ངག་པ་ཁོ་ནར་གཞི་ནས་ཕུགས་བསམ་དེ་འདྲ་ཡོད་ངེས་རེད།
མདོར་ན། སྙན་ངག་འདིར་དབྱངས་ཅན་ལྷ་མོར་འཁོར་བའི་སྡུག་བསྔལ་སྩོལ་བའི་རེ་ཞུ་བྱས་ཏེ་རྩོམ་མཁན་གྱི་སྐྱེ་བོ་བྱིངས་དང་མི་མཚུངས་པའི་སྙན་ངག་པའི་ཕུགས་བསམ་མངོན་པར་གསལ་བར་བྱས་ཤིང་། དགའ་སྐྱོ་ཆགས་སྡང་གི་རྐྱ་འཐབ་པའི་འཁོར་བའི་འཇིག་རྟེན་ཁོ་ན་ད་གཟོད་ཁོའི་གཏན་གྱི་བསྙེག་བྱ་དང་སེམས་ཀྱི་དབབ་སར་བཟུང་ཡོད། འཁོར་བ་ད
ང་ཁེར་རྐྱང་གི་སྡུག་བསྔལ་གྱི་ཁྲོད་ནས་ད་གཟོད་རང་ཉིད་དང་རང་ཉིད་ཀྱི་འཇིག་རྟེན་ངོ་མ་འཚོལ་ཐུབ་པའི་ཡིད་ཆེས་བཟུང་ཞིང་། སྡུལ་བསྔལ་དང་དུ་ལེན་པའི་སྤོབས་པ་དང་ཤེས་རབ་ནི་ཏག་ཏག་སྙན་ངག་པ་གཅིག་པུར་མངའ་བའི་ཐུན་མིན་གྱི་ཁྱད་གཤིས་ཡིན་པའང་ངང་གིས་རྟོགས་ཐུབ་པར་བྱས་འདུག
ཁེར་རྐྱང་འཁུར་ཐུབ་མཁན་གྱི་རྟ་ཕོ།
དུས་ཚོད་ཀྱི་ཕ་བོང་གི་ཐོག་བསྡད་ཨེ་མྱོང
ཉི་འོད་ཀྱི་ཐག་པར་ལག་འཇུ་བྱས་ཨེ་མྱོང
ཞོགས་པ་ནི་བཙོན་ཁང་ཆེན་པོ་ཞིག་དང་འདྲ
དུས་ཚོད་དང་ཁེར་རྐྱང་འཁུར་ཐུབ་མཁན་རྟ་ཕོ་ཁོ་ན་རེད
བྲང་ཁོག་ལྡིར་ཞིང་མུན་པ་འཐུ་མཁན་དག
ཁེར་རྐྱང་ངང་སྡོད་ཐུབ་མཁན་གྱི་རྟ་ཕོ་ཡིན་ན་སྙམ
རྟ་ཕོའི་སྒལ་པར་རྨ་ཡོད་པའི་སེམས་ཁྲལ་བྱེད་མི་དགོས
དེའི་རྐྱེན་པས་ཐ་སྙད་ཀྱི་སྒ་ལ་བཅག་བཅག་གནང་རོགས
དེ་དག་ཁེར་རྐྱང་གི་ཆེད་དུ་ཡིན
དེ་དག་ཁྱོད་ཀྱི་ཆེད་དུ་ཡིན
[ཕྲན་དཔྱད།/སྙན་བུ། (པེ་ཅིང)] སྙན་ངག་དང་རོལ་དབྱངས་གཉིས་ནི་ཇི་འདྲའི་ཆ་འདྲ་བ་ལ་ཨང་། དེ་གཉིས་རང་གི་རྣམ་ཤེས་ཀྱི་རྒྱུན་བུ་དང་སྦྲེལ་དགོས་ཚེ། མིག་གིས་བལྟས་པ་ཙམ་དང་རྣ་བས་ཉན་པ་ཙམ་གྱིས་ག་ལ་འཐུས། ཇི་སྐད་དུ་རེ་ལར·རེ་ནེའེ་ཐུ་ཡིས"འོར་ཀློག་བསྐྱར་ཀློག་དང་། ཕྱོགས་སོ་སོར་ཀློག་པ། ངོས་སོ་སོ་ནས་ཀློག་དགོས་པ"ཞེས་ཀློག་པ་པོ་རྣམས་ལ་རེ་བ་བཏོན་པ་ལྟར། ཁོ་བོས་ཀྱང་སྙན་ངག་འདི་ཉིད་ས་ཁི་སིའི་རོལ་དབྱངས་ཤིག་དང་བསྡེབས་ནས་ཐེངས་དུ་མར་ཕྱོགས་སོ་སོར་བཀླགས་པ་ཡིན། སྙན་ངག་འདི་བཀླགས་ཀྱིན་བཀླགས་ཀྱིན། ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ངོས་བྱེ་བྲག་པ་ཞིག་གི་མྱོང་རྟོག་ལས་བརྒལ་ཏེ་སྤྱི་ཁྱབ་ཀྱི་དོན་སྙིང་ཞིག་རིམ་གྱིས་རྟོགས་པ་ལ་བསམ་བློ་འཁོར་ཐུབ་ཅིང་། སྙན་ངག་ཧྲིལ་བོ་ཚན་པ་བཞི་ཡིས་གྲུབ་པ་དེའང་གོམ་གང་མདུན་སྤོས་ཀྱིས་མཆོད་རྟེན་གྱི་བང་རིམ་ལྟར་གཅིག་ལས་གཅིག་འཕགས་སུ་སྣང་ལ། སྙན་ངག་ཧྲིལ་བོ"ཁེར་རྐྱང"ཞེས་པའི་ཐ་སྙད་འདི་ཡིས་རྒྱུན་བུ་གཅིག་ཏུ་མཐུད་ཡོད་པས་ན། སྙན་ངག་འདིའི་ནང་དུ"ཁེར་རྐྱང"ནི་ཧ་ཅང་གཏོས་ཆེན་པོ་ཞིག་དང་གཏིང་ཟབ་མོ་ཞིག་ཏུ་གྲུབ་འདུག རྩོམ་པ་པོས་ཁ་བྱང་དུའང"ཁེར་རྐྱང་འཁུར་ཐུབ་མཁན་གྱི་རྟ་ཕོ"ཞེས་ཁེར་རྐྱང་ནི་རྟ་ཕོ་ཞིག་ལ་སྒ་བཞིན་བསྟད་ཡོད་པ་དང་། རྟ་ཕོ་ནི"དུས་ཚོད་དང་ཁེར་རྐྱང་འཁུར་ཐུབ་མཁན"ཁོ་ན་དེ་ཡིན་པར་བསྟན་པ་ནི། མདོར་དེད་ན། ཁེར་རྐྱང་ནི་དུས་ཚོད་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཁེར་རྐྱང་ནི་དུས་ཚོད་ཀྱིས་བསྐྲུན་པ་ཡིན་ལ། ཁེར་རྐྱང་ནི་དུས་ཚོད་ཀྱིས་ཆེ་ནས་ཆེ་རུ་བསྐྱེད་པའང་ཡིན། དེ་བས།"ཁེར་རྐྱང"གི་དུས་སུ་ཐ་ན་གསེར་ལས་ལྷག་པའི་ཞོགས་པའི་དུས་ཚོད་དེའང"བཙོན་ཁང་ཆེན་པོ་ཞིག་དང་འདྲ"བར། སུན་སྣང་དང་དྲན་གདུང་། ཁེར་རྐྱང་དང་ན་ཟུག་བཅས་ལྷན་གཅིག་ཏུ་བསྡེབས་པས། མཐར་ཐུག་གི་རང་དབང་དེ་ཡང"ཁེར་རྐྱང"གིས་བརླགས་ཅིང"དུས་ཚོད"ཀྱིས་ཟོས་པ་རེད། ཡིན་ནའང་། རྩོམ་པ་པོས"ཁེར་རྐྱང་འཁུར་ཐུབ་མཁན་གྱི་རྟ་ཕོ"ནི་ཁེར་རྐྱང་གི་དབང་གིས་སྡུག་བསྔལ་གྱི་འདམ་དུ་ཟུག་འགྲོ་བ་ཞིག་ཏུ་མ་སེམས་པར། ད་དུང"བྲང་ཁོག་ལྡིར་ཞིང་མུན་པ་འཐུ་མཁན་དག"ཀྱང་། "ཁེར་རྐྱང་ངང་སྡོད་ཐུབ་མཁན་གྱི་རྟ་ཕོ་ཡིན་ན་སྙམ"པའི་འདོད་འདུན་དྲག་པོ་བཅངས་ཡོད་དེ། ཁེར་རྐྱང་ངང་སྡོད་པའི་གང་ཟག་གིས་མ་གཞི་ནས་ཁེར་རྐྱང་དང་དུ་ལེན་འོས་པའི་འགན་འཁྲི་དང་ཆོད་སེམས་བསྟན་ཡོད། རྒྱུ་མཚན། "ཁེར་རྐྱང"ནི་མདོར་དེད་ན་ལོ་དང་ཟླ་བ། ཉིན་དང་མཚན་མོ། ཐ་ན་ང་རང་ཚོ་སྐྱེ་བ་ནས་འཆི་བའི་བར་དུ་ཁེར་རྐྱང་དང་འབྲལ་ཐབས་ཡེ་ནས་མེད་པས། འདིར་བསྟན་པའི"ཁེར་རྐྱང"ཡང་གནས་སྐབས་ཙམ་གྱི་ཁེར་རྐྱང་དང་ཡང་ན་ཁེར་རྐྱང་ཕྲན་བུ་ཙམ་ཞིག་ལ་གོ་བ་ནི་མ་ཡིན་པར་འདོད།
རྩོམ་པ་པོས་མཇུག་མཐར།"རྟ་ཕོའི་སྒལ་པར་རྨ་ཡོད་པའི་སེམས་ཁྲལ་བྱེད་མི་དགོས"ཞེས་གསལ་འདེབས་དང་སེམས་གསོའི་ཚུལ་དུ་བརྗོད་པར་གཞིགས་ན། རྟ་ཕོའི་སྒལ་པར་རྨ་མེད་པ་ལྟར་དུ་སྣང་ཡང་། དྲང་མོར་བརྗོད་ན། "དུས་ཚོད་དང་ཁེར་རྐྱང་འཁུར་ཐུབ་མཁན་རྟ་ཕོ་ཁོ་ན"ཡིན་པས། རྟ་ཕོའི་སྒལ་པར་རྨ་ལོས་ཡོད། འོན་ཀྱང་། རྟ་ཕོའི་སྒལ་པར་རྨ་ཡོད་པ་ནི་སུས་ཀྱང་རེག་ཏུ་མེད་པ། སུས་ཀྱང་མཐོང་དུ་མེད་པ། ཐ་ན་སུས་ཀྱང་རྨ་དང་རྨ་ཡི་སྡུག་བསྔལ་ཡོད་ཚད་རྟོགས་མི་བཏུབ་པ་ཞིག་ཡིན་ཏེ། རྒྱུ་མཚན་ནི་རྟ་ཕོའི་སྒལ་པར་ཆགས་པའི་རྨ་ནི་མངོན་མེད་ཀྱི་རྨ་ཞིག་སྟེ། མཐར་གཏུགས་ན་རྟ་ཕོའི་སེམས་ཀྱི་རྨ་ཞིག་ཏུ་གྲུབ་ཡོད་པས་ན། དེ་ལ་སེམས་ཁྲལ་བྱས་ཀྱང་དེ་ནི་སེམས་ཁྲལ་ལྷག་མ་ཙམ་ལས་ཅི་ཡང་མ་ཡིན་ནོ།།"དེའི་རྐྱེན་པས། ཐ་སྙད་ཀྱི་སྒ་ལ་བཅག་བཅག་གནང"སྟེ། དེ་ཡིས་སྐྱེད་པའི་ན་ཟུག་གིས་ལྗིད་ཏིག་ཏིག་གི"ཁེར་རྐྱང"རྒྱབ་ཏུ་ཁུར་བའི་རྟ་ཕོ་ལ་ཐུགས་སྐྱེད་དང་བསམ་ཤེས་སྒོམ་ཐུབ་པར་བྱ་བ་ནི་ལེགས་པར་སྙམ་པའོ།།
རྩོམ་པ་པོས་སྙན་ངག་ཧྲིལ་བོ་ཚན་པ་བཞི་རུ་བགོས་ཡོད་མོད། ང་རང་གི་བསམ་ཚུལ་ལྟར་ན། སྙན་ངག་ཧྲིལ་བོ་ཚན་པ་ལྔ་རུ་བགོས་ཏེ་ཆེས་མཇུག་གི་ཚིག་རྐང་གཉིས་ཀྱིས་སླར་ཡང་ཚན་པ་གཅིག་གྲུབ་པ་ཡིན་ན་དེ་བས་ཀྱང་ལེགས་པར་སྙམ། རྒྱུ་མཚན་ནི། སྙན་ངག་འདིའི་ཚན་པ་དང་པོ་རུ་རྩོམ་པ་པོས་ཚིག་གི་རྗེས་ལ
"ཨེ་མྱོང"ཞེས་སྙན་ངག་གི་དབུ་ལ་དྲི་གཞི་ཞིག་བཏོན་པ་དང་། དེ་ནས་ཚན་པ་གཉིས་པའི་ཚིག་གི་རྗེས་ལ"ཁོ་ན་རེད"ཅེས་དུས་ཚོད་དང་ཁེར་རྐྱང་འཁུར་ཐུབ་མཁན་རྟ་ཕོ་ཁོ་ན་ལས་གཞན་ཞིག་གུད་དུ་མེད་པ་ཁྲུན་ཐག་ཆོད་པའི་སྒོ་ནས་བསྟན་ཡོད། ཚན་པ་གསུམ་པ་རུ"ཡིན་ན་སྙམ"ཞེས་རང་གི་འདོད་འདུན་དྲག་པོ་ཞིག་བཅངས་ཡོད་པ་དང་། དེ་ནས"གནང་རོགས"ཞེས་གཞན་ལ་སྐུལ་མའི་ཚུལ་དུ་ན་ཟུག་སྙིང་ལ་བརྡབས་ནས་བརྗོད་ཡོད། ཆེས་མཇུག་མཐའི
"དེ་དག་ཁེར་རྐྱང་གི་ཆེད་དུ་ཡིན། དེ་དག་ཁྱོད་ཀྱི་ཆེད་དུ་ཡིན"ཞེས་པའི་ཚིག་རྐང་འདི་གཉིས་ཀྱིས་སླར་ཡང་ཚན་པ་གཅིག་གྲུབ་པ་ཡིན་ན། ཚན་པ་བཞི་པ་དང་ལྔ་པའི་བར་དུ་བར་སྟོང་ངེས་ཅན་ཞིག་ཕྱེས་ཡོད་ཕྱིར། དེས་སྙན་ངག་གི་སྒྱུ་རྩལ་ཁྱད་ཆོས་སྔར་བས་ཇེ་ལེགས་དང་ཇེ་ཡངས་སུ་འགྲོ་བར་སྙམ། ཅིའི་ཕྱིར་ཞེ་ན། སྙན་ངག་ལ་ལ་ཞིག་ལ་མཚོན་ན། ཆེས་མཇུག་མཐའི་ཚན་པ་དེ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པར་སྙམ་སྟེ། དེ་ནི་སྙན་ངག་དེའི་འཇུག་སྒོ་དང་ཡང་ན་སྙན་ངག་ཧྲིལ་བོའི་གདུང་འདེགས་ཀྱི་ཀ་བ་ལྟ་བུར་ཆགས་ཐུབ། དེ་བས་ཁ་བ་དཀར་པོའི《ཁེར་རྐྱང་འཁུར་ཐུབ་མཁན་གྱི་རྟ་ཕོ》ཞེས་པའི་སྙན་ངག་འདི་ལ་མཚོན་ནའང་། ཆེས་མཇུག་གི་ཚན་པ་དེ་ནི་སྙན་ངག་ཧྲིལ་བོའི་འཇུག་སྒོ་ལྟ་བུ་ཞིག་ཏུ་གྲུབ་ཡོད་དེ། རྒྱུ་མཚན་ནི"དེ་དག་ཁྱོད་ཀྱི་ཆེད་དུ་ཡིན"ཞེས་པའི
"ཁྱོད"སྒྲ་དེ་ལས།"ཁྱོད"ཀྱི་ཁ་གཏད་དུ་ད་དུང་"ང"ཞིག་ཀྱང་ཡོད་པ་གཞི་གྲུབ་པས།"ང"ནི་ཁྱོད་ཀྱི་སླད་དུ་ཁེར་རྐྱང་ངང་སྡོད་དགོས་པ་དང་། དེའི་མཚུངས་སུ།"ང"ནི"ཁེར་རྐྱང་འཁུར་ཐུབ་མཁན་གྱི་རྟ་ཕོ"དེ་ཡིན་པའང་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ། དེ་བས། མཇུག་གི་ཚན་པ་དེ་ནི་སྙན་ངག་འདིའི་འཇུག་སྒོ་ལྟ་བུ་ཡིན་པ་དང་། ཚན་པ་དེས་ནི་སྙན་ངག་ཧྲིལ་བོའི་མགོ་མཇུག་བར་གསུམ་དོ་མཉམ་པ་ཞིག་ཏུ་སྦྲེལ་འདུག་སྟེ།"དེ་དག་ཁྱོད་ཀྱི་ཆེད་དུ་ཡིན"ཞེས་པ་དེས་ནི་སྙན་ངག་གི་དབུ་རུ་བཏོན་པའི་དྲི་བ་དེའི་ལན་ཡང་ཤེས་ཐུབ་བོ།།
གང་ལྟར། སྙན་ངག་འདི་ནི་མཚོན་བྱེད་རང་བཞིན་གྱི་སྙན་ངག་ལེགས་པོ་ཞིག་ཡིན་པའི་ཚོར་བ་སྦྱིན་ཞིང་། སྙན་ངག་འདི་ལས་རང་བཞིན་གྱིས་རྟོགས་ཐུབ་པ་ནི་རྩོམ་པ་པོ་རང་ཉིད་ནི"དུས་ཚོད་དང་ཁེར་རྐྱང་འཁུར་ཐུབ་མཁན་གྱི་རྟ་ཕོ"དེ་ནང་བཞིན། ནམ་ཡང་ཁེར་རྐྱང་དང་འབྲལ་ཐབས་མེད་ལ་ལྷག་པར་དྲན་གདུང་དང་གཟུར་ཐུབ་མེད་པའི་སྙན་ངག་པ་ཞིག་ཡིན་པ་ཡང་སྙན་ངག་འདི་ཀློག་པའི་ཚེ་ན་ངང་གིས་རྟོགས་འོང་ངོ་།།
ཐ་སྙད་ཀྱི་གསང་བ།
ཐ་སྙད་ཀྱི་རི་དྭགས་དེ་དག་དེད་ནས
རྒོད་པོའི་ཁོག་པའི་ནང་ཞུགས་པའི་རྣམ་ཤེས་འཚོལ་དུ་འགྲོ་བཞིན་ཡོད
ཐ་སྙད་ཀྱི་རི་དྭགས་དེ་དག་མགྲིན་པའི་སྦུབས་སུ་བསྐུངས་མེད་ལ
ལྕེ་ལེབ་ཀྱི་རི་གཤམ་དུ་སྦས་མེད
ཐ་སྙད་ཀྱི་རི་དྭགས་དེ་དག་ལ་ཞིབ་ཏུ་བལྟས་ན་བརྗོད་མེད་ཀྱི་སྨྲ་བ་དང་འདྲ་པོ་ཡོད
བརྗོད་མེད་ཀྱི་སྨྲ་བ་དེ་དག་ལ
སྟོང་བ་ཉིད་དབུ་ཞྭ་བཟོས་ན་མི་འགྲིག
རྒྱུ་མཚན་ནི་དེ་དག་ཐ་སྙད་ཀྱི་རི་དྭགས་ཡིན་པས་རེད
ཐ་སྙད་ཀྱི་རི་དྭགས་དེ་དག་གནའ་བོའི་གསུང་མགུར་མིན་ལ
གབ་ཚིག་གི་ཕུང་བོ་ཡང་ག་ལ་ཡིན
ཐ་སྙད་ཀྱི་རི་དྭགས་དེ་དག་བརྗོད་མེད་ཀྱི་སྨྲ་བ་ཁོ་ན་ལས་མ་འདས
ཡིན་ན་ཡང
སྙིང་གི་དཀྱིལ་དུ་མེ་ལྕེ་བཞག་ཡོད་ན་དེ་དག་དང་ཉེ་བར་བཅར་ཐུབ
ངས་ཐ་སྙད་ཀྱི་རི་དྭགས་དེ་དག་དེད་ནས་ལོ་མང་འགོར
[ཕྲན་དཔྱད།/གཡུ་སྲས། (དཀར་མཛེས)] སྙན་རྩོམ་འདིར་གཙོ་བོ་སྙན་ངག་གི་ལྟ་གྲུབ་རིགས་ཤིག་དཔེའི་སྒོ་ནས་གསལ་བཀྲོལ་བྱས་ཡོད་པ་སྟེ། དེ་ནི་སྙན་ཚིག་ཅིག་གི་བཙོ་སྦྱངས་ལ་མཁོ་བའི་ཐ་སྙད་དེ་དག་རྫ་རི་དང་སྤང་ལྗོངས་ན་གནས་པའི་རི་དྭགས་མང་པོའི་གཤིས་ལུགས་ལྟར་རྒོད་གཤིས་ཀྱིས་རྫོགས་པ་དང་རྒྱ་ཡན་ལ་ཤོར་བ། འཚོ་བའི་མངར་བཅུད་ཀྱིས་གཏམས་པ། སུ་དང་གང་གི་སྒྲོག་ཏུའང་མ་ཚུད་པ་ཤ་སྟག་ཅིག་ཡིན་ན་འོས་པ་ལས་མགྲིན་པའི་སྦུབས་སུ་བསྐུངས་པའམ་ལྕེ་ལེབ་ཀྱི་རི་གཤམ་དུ་སྦས་པ་གང་ཡིན་ཀྱང་། ཐ་སྙད་ཀྱི་རི་དྭགས་དེ་དག་བེད་སྤྱད་དེ་སྟོང་བ་ཉིད་ལ་དབུ་ཞྭ་བཟོས་ན་མི་འགྲིག་ལ། གནའ་བོའི་གསུང་མགུར་དང་གབ་ཚིག་ཅིག་གི་ཚུལ་གྱིས་བཀླགས་ན་དེ་བས་ཀྱང་མི་རུང་བའི་ལྟ་ཚུལ་ཞིག་བསྒྲགས་ཡོད་པ་དང་། རྒོད་པོའི་རྣམ་ཤེས་འཚོལ་སྤྱད་ཀྱི་ཐ་སྙད་དེ་རྣམས་ཀྱིས་བསྐྱེད་པའི་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཟད་མེད་པ་དེ་དག་ནི་ད་གཟོད་སྙན་ངག་ཁོ་ནས་སྟེར་ནུས་པ་ཞིག་ཡིན་པའི་ལྟ་ཚུལ་སྨྲས་ཡོད།
སྙན་རྩོམ་འདིར་དཔེ་འཇོག་དང་གཟུགས་སུ་འགོད་པ་སོགས་ཀྱི་འབྲི་ཐབས་སྤྱད་དེ་སྙན་ཚིག་ཅིག་གི་འབྲི་བཞེངས་ལ་མཁོ་བའི་ཐ་སྙད་དེ་དག་ནི་དོན་ངོ་མ་ཅི་འདྲ་ཞིག་ཡིན་ན་འོས་ཤིང་འཚམ་པའི་ཚད་གཞི་ཞིག་གམ་ལྟ་བ་རིགས་ཤིག་སྙན་ཚིག་གི་བརྗོད་བྱར་སྦྱར་ནས་བྲིས་ཡོད་དེ། ཐ་སྙད་དེ་དག་ནི་མི་སྐྱ་སྒེར་པ་ཞིག་གི་བསམ་བློའི་རྟོག་འགྱུ་མངོན་པར་མཚོན་པའམ་གསལ་བོར་སྟོན་བྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ན་འོས་པ་ལས་ཆོས་ལུགས་དང་ཆབ་སྲིད་སོགས་ཚོགས་པ་གང་རུང་གི་ངོ་བོ་དང་ཁེ་ཕན་མཚོན་བྱེད་ཀྱི་ལག་ཆར་གྱུར་ན་མི་རུང་བའི་ལྟ་ཚུལ་རིགས་ཤིག་བཏོན་འདུག་པའི་ཞོར་དུ། གཙོ་ཆེར་སྙན་ཚིག་ཅིག་འགྲུབ་བྱེད་ཀྱི་ཐ་སྙད་དེ་དག་སྙིང་གི་དཀྱིལ་དུ་བཞག་སྟེ་རང་སེམས་ཀྱི་འགལ་འདུ་སྣ་ཚོགས་ཐལ་བར་གཏོར་ནས་མི་སྒེར་གྱི་འཚོ་བ་དང་ཡིད་འགྱུར། སེམས་ཁམས་མཚོན་བྱེད་དུ་གྱུར་ན་འོས་པའི་འབོད་སྐུལ་བཏང་ཡོད། འདི་ནི་སྙན་ངག་འདིའི་ཁ་བྱང་དུ་བསྟན་པའི"ཐ་སྙད་ཀྱི་གསང་བ"དེ་དག་ཡིན་སྙམ་མོད། འགྲེལ་ནོར་ཅི་མཆིས་ཀློག་མཁན་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་ཞེས་ཀྱང་སྨྲའོ།།