ཆར་བ་དང་སྦི་རག
རི་ཚོགས་ཀྱི་མུ་ཁྱུད་སྨུག་པས་གཡོགས་ཟིན་ནའང
རྡོ་བའི་གྲོང་ལ་ཆར་བ་ཟམ་ཟིམ་འབབ
ན་བུན་གྱིས་གཤེར་བའི་མགྲིན་པས
ལྷ་ཚོགས་ཀྱི་ཞལ་རྡུལ་ཉེ་བར་རྔུབ་ཅིང
ལྟུང་བཤགས་ཀྱི་རིལ་བུ་ཡང་ཡང་མུར
སྐུ་དྲག་གི་བརྡ་ཡིག་སྨུག་པ་བཞིན་དྭངས་ཤུལ
ཨ་ཅག་ཚོ་ཉི་མའི་ངོགས་སུ་རྙིད་ཅིང་བགྲེས
སྒོ་ར་གྲུ་བཞིའི་རྩིག་སྟེང་གི་དར་ཤིང་ཕྲ་མོས
ལྷ་སའི་དུས་གསུམ་གྱི་དབྱིངས་སུ་གཤོག་འགྱུར་དཀྲོལ་དུས
མཁའ་དབྱིངས་སུ་མེ་ཏོག་གི་ཆར་བ་བབས་པ་མཐོང་བྱུང
ས་གཞི་ནས་དངོས་གྲུབ་ཀྱི་ལྗོན་པ་འཁྲུངས་པ་ཚོར་བྱུང
སྦྲང་ཆར་གྱིས་ཡང་ཡང་བསྙལ་བའི་སྦི་རག
ནང་མ་སྟོད་གཞས་ཀྱི་གནའ་བོའི་ཁྲུང་རྐྱན་ལས
ནང་གི་རྩ་ལག་ཀུན་ལ་བསིལ་བསིལ་བབས་ཤིང
སྣང་བའི་ཁམས་ཀྱི་རྔམ་བརྗིད་ག་ལེར་འདེགས་དུས
རྡོ་བ་དག་གི་རྩིག་སྲུབས་ལས་འོ་མ་བཞུར་ཅིང
འོ་མའི་དྲི་ངད་ཀྱི་ཟབ་སར་ཉི་འོད་ཀྱི་ལོ་མ་འཐོར
འཇགས་པ་མེད་པའི་བར་སྐོར་གྱི་གསོལ་འདེབས
འཚེ་བ་མེད་པའི་འཇའ་ཚོན་གྱི་ཐེམ་སྐས་སུ་བཞུར
སྦི་རག་གཅིག་མཆོད་གཉིས་མཆོད
ཆར་བ་ཞི་འབབ་དྲག་འབབ
མར་གྱུར་སེམས་ཅན་ལས་འཐུལ་བའི་བསུང་ཞིམ་ལ་རོལ་བཞིན
གླིང་ཟུར་རེ་རེའི་བདེ་སྐྱིད་ཀྱི་བསིལ་གྲིབ་འོག
ཁྱི་གུ་ཚོ་དང་ལྷན་དུ་འགྲམ་པ་ཐང་ལ་བཞག
རི་ཚོགས་ཀྱི་མུ་ཁྱུད་སྨུག་པས་གཡོགས་ཟིན་ནའང
ཆར་བ་སྔར་བཞིན་ཟམ་ཟིམ་འབབ
མཆོད་མཇལ།
ཡུལ་མི་དག་གི་མཇལ་ལམ་སྙེག་གིན
ཡར་ཀླུང་དང་གཙང་གི་ནམ་མཁའི
ཉི་འོད་ཀྱི་བདུད་རྩི་བག་མེད་འཐུང
སྡུག་བསྔལ་གྱི་མུན་པ་དག་པའི་ཞལ་རས
མཁའ་འགྲོའི་འོད་ཟེར་ངོས་སུ་ལམ་ལམ་འཚེར
ཨ་མདོའི་ངལ་དུབ་ཀྱི་རྡོག་ཁྲེས་ལྕི་མོ་གནས་འདིར་དབོར་རྗེས
སྨྲ་བསམ་བརྗོད་འདས་ཀྱི་ནང་སྙིང་ཡོད་ཚད
རྒྱལ་བ་ཡབ་སྲས་ཀྱི་པང་ལ་ལྟེམས་མེར་བླུགས
མི་རྟག་པར་ཇི་མི་སྙམ་པའི་གདེངས
སེམས་དཔའ་དག་གི་སྤྱན་གསལ་ལས་ག་ལེར་འཚེར
ངེས་འབྱུང་གི་མྱུ་གུ་ཕྲ་མོ་རུས་པ་ལས་སྐྱེས་ཤིང
གུས་ཕྱག་དུ་མའི་དགྱེ་སྒུར་དང་གསོལ་སྨོན་ཁྲོད
སྡིག་སྒྲིབ་ཀྱི་སྐྲ་ལོ་ནག་པོ་ས་རུ་སག་སག་འདྲིལ
བག་ཆགས་ཀྱི་གཏིང་སར་སྨིན་པའི་འབྲས་བུ་སེར་པོ
འབྲས་བུ་སེར་པོའི་ཡལ་ག་དང་ལོ་མར
ལོ་ཟླའི་ཆག་འཇིག་མཁྲེགས་པོ་རི་མོས་སྣང་ཡོད་ནའང
མི་ཕྱེད་དད་པའི་ཡིད་ཆེས་ཀྱི་ཀློང་དུ
ལྷ་མིའི་དབར་གྱི་གླུ་སྐད་ལ་འགག་པ་མེད་ཅིང
སྣོད་བཅུད་ཀྱི་ཕྱི་ནང་གསང་གསུམ་ལ་འཚེ་མེད་ཀྱི་འོ་དྲི་འཐུལ
རྡོ་བ་སྔོན་པོ་ཁོ་ན་ལས་འཕོས་འོང་པའི་ངོ་མཚར
མཚོན་བྱེད་ཀྱི་ཞགས་པས་ཟིན་ཐབས་བྲལ
ནང་གི་དེ་ཉིད་ལས་བརྡོལ་བའི་དག་སྣང་གི་དངོས་གྲུབ་ཀྱང
མིག་ཆུ་ཁ་ཤས་ལྷུང་ཤུལ་གྱི་འཇའ་ཚོན་བཞིན
མངོན་སུམ་དུ་རེག་མྱོང་མེད་ཀྱང
ག་དུས་དད་མོས་ཀྱི་རྫིང་བུ་ཆུང་ཆུང་ལས
མེ་ཏོག་རྐང་གཅིག་བཀྲག་མདངས་ཀྱིས་བཞད་ངེས་པར
བདག་ལ་ཡིད་ཆེས་ཀྱིས་བརྟས་ཤིང་བརྟས་ཡོད
འོད་ཟེར་སྒམ་ཆུང་།
ལྷ་སའི་སོས་དལ་གྱི་ཀློང་དུ
ཉིན་ལ་ཇ་ཁང་ག་སར་ཐོར
མཚན་ལ་ཨར་ཁང་གང་སར་བཀྲ
སྒམ་ཆུང་དུ་ཟས་སྣ་ཁ་ཤས་ལས་མེད
རིགས་དང་ཐོབ་ཐང་ལའང་དབྱེ་གསལ་མེད་ཀྱང
མི་རྣམས་སྒམ་ཆུང་དེ་རུ་རྟག་པར་འཚང་རུབ་རྒྱག་ཅིང
སྒམ་ཆུང་གྲུ་བཞིར
གསར་འགྱུར་མེ་ལོང་གི་ཁ་མདུད་འགྲོལ་བཞིན
ཉིན་གཅིག་གི་སེམས་ཚོར་ཡོད་དོ་སྒམ་ཆུང་དུ་ལྡུག
ཉིན་གཅིག་གི་སོས་དལ་ལས་འཐུལ་བའི་འདུ་འཛིའི་རླངས་དྲི
ཕྱོགས་མཚམས་ཀུན་ནས་འཛུམ་མདངས་ཀྱིས་བརྡོལ་དུས
བདག་གིས་ཀྱང་དངུལ་ཞོ་ཁ་ཤས་ཟས་ཅོག་སྟེང་སྤུངས་ནས
ཕ་གིའི་ཨ་ཅག་ལ་ལག་གཡུག་གཏོང་གིན
འབྱོར་ལྡན་པ་ཞིག་གི་ཆ་བྱད་ལ་བཙན་བཙུགས
ནང་ལས་ཕྱི་ལ་ཐོན་པ་བརྒྱ
ཕྱི་ནས་ནང་ལ་ཐོན་པ་བརྒྱ
སྲང་ལམ་གྱི་ཁྱི་གུ་མ་གཏོགས
སྒམ་ཆུང་འདི་ལ་ལྷ་ས་ཧྲིལ་བོ་ལས་གཞན
འོད་ཟེར་དང་འབྲེལ་བའི་འགྲོ་བ་ཀུན་པོ་ཤོང
གཙུག་ལག་ཁང ཁྲོམ་གཟིགས་སྒང འོད་ཟེར་སྒམ་ཆུང
ལྷ་སའི་ཟུར་གསུམ
ཟུར་གསུམ་གྱི་ལྷ་ས
གཙང་མོ།
ལ་སྟོད་ཀྱི་བུ་མོ
སྐུ་དྲག་གི་སྲས་མོ
བཀྲུས་ནས་མི་དག་པའི་གཙང་མོ
ཞལ་རས་དུང་གི་ཟླ་བའི་དཀྱིལ་འཁོར
འཛུམ་མིག་གསེར་བྱའི་གཤོག་རླབས་ལྡེམ་ཙ་ན
རིགས་རྒྱུད་ཀྱི་ཆེ་བ་ལམ་ལམ་འཚེར་འོང
ཁྱེད་ཀྱིས འཆི་བའི་སྡུག་བསྔལ་མ་གཏོགས
འཁོར་བའི་བདེ་སྡུག་ཇི་སྙེད་སེམས་ཀྱིས་མྱངས་ཟིན་གསུངས
ཁྱེད་ཀྱིས ཉི་མའི་བདེ་དྲོད་མ་གཏོགས
ལྷ་སས་རང་ལ་གང་ཡང་མ་གནང་གསུངས
ཇི་ལྟར་བསམས་ཀྱང
ཁྱེད་ནི་དམར་པོ་བྲག་ལ་བཞད་པའི་མེ་ཏོག་ཅིག་སྟེ
ནག་ནོག་གི་རླངས་པས་མ་ལྷད་པའི་མེ་ཏོག་ཅིག་རེད་ཨང
བརྩེ་དུངས་ལ་བཀུགས་པའི་སྨུག་པ་ལྟ་བུའི་གདངས་དབྱངས
ན་ཟུག་དང་བདེ་སྐྱིད་མཉམ་དུ་ལུད་པའི་ཚིག་འབྲུ
ལན་བུ་ནག་པོའི་མེ་ཏོག་དང་ལྷན་དུ་གྲོལ་དུས
བབ་ཆགས་ཀྱི་ཟབ་སར་བཞུར་བའི་རུས་རྐང་དྲོན་མོ
ཆང་ཕོར་གྱི་ཁ་རུ་གཡེང་ཞིང་འཕྱོ་ལ
གླུ་སྐད་ཀྱི་བང་རིམ་རེ་རེར
འཇའ་ཚོན་གྱི་ཐེམ་ལ་ལྷུག་པར་བཞད་འདུག
ཁྱེད་ཀྱི་འཛུམ་ཞལ་ལ་གསེར་ནག་གི་ལས་འཕྲོ་འཚེར་འཚེར
ཁྱེད་ཀྱི་རྩེད་མཚར་ལ་བྱམས་བརྩེ་ཡི་དྲི་ཞིམ་ཤིག་ཤིག
གསོལ་སྐྱེམས་མཉེས་དག་གནང་གིན་ལང་ཚོའི་ཚེམས་ཕྲེང་དགོད་དུས
ཁྱེད་ནི་རིགས་རུས་སྲ་མོ་ཞིག་གི་ལས་འཕྲོ་ལ་སྨིན་པའི
ཞིམ་མངར་གྱི་འབྲུ་སིལ་དམར་པོ་དེ་ཡིན་ཨང
ལ་སྟོད་ཀྱི་བུ་མོ
སྐུ་དྲག་གི་སྲས་མོ
བཀྲུས་ནས་མི་དག་པའི་གཙང་མོ
ལྷ་སའི་རུས་པ།
ཉི་འོད་གང་སར་ཐོར་ཤུལ་དུ
གསེར་གྱི་པད་མའི་མེ་ཏོག་འཛུམ་འཛུམ་བྱ
སེམས་ངལ་ཁ་ཤས་སྤྲིན་པའི་གྲུ་གཟིངས་ལ་བླུགས་རྗེས
ལྷ་སའི་ནང་སྙིང་ལ་ལག་སྙོབ་ཐེངས་ཤིག་བྱས
བགྲེས་པོ་དག་གི་མིག་ཀོང་ལ་འཁྱིལ་བའི་མར་ཁུ
ཚོར་བས་ཟིན་པའི་རྩ་ལམ་གྱི་སྦུ་གུར་དྲངས
རྡོ་བ་སྔོན་པོ་ལས་སྐྱེས་པའི་མི་ཆེན་དག
ལྷ་དང་ལྷ་མོའི་མེ་ཏོག་གི་རྫིང་བུར་རོལ་བཞིན
མི་ཚེའི་སྙིང་བོ་མཁའ་དབྱིངས་ཁོ་ན་ལས་འདྲུ
སྨྲ་བརྗོད་ཀྱི་ཡལ་གར་ཐོར་བའི་ལྷ་ཚོགས་ཀྱི་རྔུལ་ཆུ
རྣམ་རྟོག་གི་ཞགས་པས་ཟིན་ཐབས་བྲལ
ཐ་སྙད་ཀྱི་རྫ་བུམ་དུ་སྣེ་འཛིངས་ཀྱིས་བཞད་པའི་རྩ་བ་དག
ད་དུང་ཡང་རློན་ནེམ་མེར
སྲ་མཁྲེགས་ཀྱི་ཁ་དོག་ལ་བང་རིམ་གྱི་སྡིངས་ཆ་དོད
རྫ་རི་སྨུག་པོ་དག་གི་ཅོད་པན་ལས
འཚེ་མེད་ཀྱི་དངོས་གྲུབ་ཚིམས་མེད་དུ་བབས་ཏེ
བཙན་པོ་དང་ལྷ་ལྕམ་དག་ལ་ཁྲུས་གསོལ་ཡང་ཡང་མཛད
ཉི་འོད་ཀྱི་རྡང་ལས་བཞུར་བའི་མི་ཚོགས
གསོལ་འདེབས་ཀྱི་བསིལ་གྲིབ་འོག་ཏུ་བདེ་བར་གཟིམས
རྒྱུ་མ་བསྣོལ་འདྲའི་རྡོ་བའི་སྲང་ལམ་གྱི་རྩིག་ངོས་ལས
འཇའ་ཚོན་སྣ་ལྔའི་སེམས་བསྐྱེད་ཀྱི་མེ་ཏོག་འཐོར་དུས
བདག་གིས་ལྷ་སའི་གནམ་སར་འཁྱིལ་བའི་འོད་རྡུལ་སེར་པོ
རྟག་པར་ཧམ་སེམས་ཀྱི་མིད་པར་བག་མེད་དུ་བླུགས
སྦི་རག་དང་ལྷན་དུ་འཕྱུར་བའི་ནང་མའི་རོལ་དབྱངས
སྤྱི་གཙུག་ནས་རྐང་མཐིལ་གྱི་རྩ་ལམ་སོ་སོར་བཀྲམ
རེ་སྙེག་གི་གཞོང་བར་ལྟེམས་པའི་རུས་རྐང་གི་ཁུ་བ
གློག་འོད་དང་འཛུམ་མདངས་ཁོ་ནའི་ཟབ་སར་འཐིམ་དུས
སྒྲ་སྙན་དང་སྟངས་སྟབས་ལས་སྨིན་པའི་བྱང་ཁོག་གི་ཡིག་འབྲུ
ལྷ་སའི་སྐྱིད་ཆུའི་ཀློང་ལ་ལྷུང་ལྷུང་འབབ
ཆང་དེ་བཏུངས་པ་ཚང་མ།།
རུས་པའི་གཏིང་ལ་སིམས་སོང་།།
ཤི་ནས་རུས་པ་སྐམ་པོས།།
ཆང་རྩི་ཉན་པ་ཡོད་དོ།། ①
① ལྷ་སའི་དམངས་གཞས་ཕྱོགས་བསྒྲིགས་ལས་དྲངས།