འདས་པ།
ཁྱོད་ནི་རླུང་གིས་གཏོར་བའི་བྱེ་མའི་ཕུང་བོ་དེ་མ་ཡིན
བྱེ་མའི་རི་ལ་བཙུགས་པའི་མི་འགྱུར་རྡོ་རིང་དེ་ཡིན
རྡོ་རིང་ངོས་ཀྱི་བཀའ་གཙིགས་ཡི་གེ་དེ་ཡིན
ཁྱོད་ནི་ཆར་གྱིས་བསྣོགས་པའི་ཚོས་ཀྱི་རི་མོ་དེ་མ་ཡིན
མཚོ་མོའི་གཏིང་དུ་བཞད་པའི་བྱུ་རུའི་མེ་ཏོག་དེ་ཡིན
མེ་ཏོག་ལུས་ལ་གླན་པའི་ཡལ་མེད་བཀྲག་མདངས་དེ་ཡིན
ཁྱོད་ནི་ཆུ་ལ་བཀོད་པའི་ཤུལ་མེད་རྐང་རྗེས་དེ་མ་ཡིན
རྐང་རྗེས་བྲག་ལ་ཟུག་པའི་ལྷ་ཤིང་ཤུག་པ་དེ་ཡིན
ཤུག་པ་རང་ལས་མཆེད་པའི་བསྐལ་བའི་བསུང་ཞིམ་དེ་ཡིན
ཁྱོད་ནི་མཁའ་ལ་སྤུར་བའི་སྟོན་གྱི་ཁུར་མོང་དེ་མ་ཡིན
ས་ལ་བྲིས་པའི་གླེགས་བམ་གྱི་ཡིག་འབྲུ་དེ་ཡིན
ཡིག་འབྲུའི་གསེང་གི་འཚོ་བའི་མེ་ལོང་དེ་ཡིན
ཁྱོད་ནི་གྱེན་དུ་བརྩེགས་པའི་རླབས་ཀྱི་ལྦུ་བ་དེ་མ་ཡིན
ཆུ་ཐིགས་ཟགས་པའི་སྙིང་རུས་ཀྱི་རྗེས་ཤུལ་དེ་ཡིན
ཁབ་ཤུལ་སྐུད་པས་མནན་པའི་བཞུད་ལམ་དེ་ཡིན
ཁྱོད་ནི་མིག་ལ་འཁྱུད་པའི་འོད་ཀྱི་འཇའ་རིས་དེ་མ་ཡིན
སེམས་སུ་ཉར་བའི་རིགས་ཀྱི་དྲན་ཤིང་དེ་ཡིན
དྲན་ཤིང་རུས་ལ་ཟུག་པའི་དབྱངས་རྟ་དེ་ཡིན
ནམ་ཞིག་ཁྱོད་ཉིད་སེམས་ནས་ཡལ་བར་གྱུར་ཚེ
ང་ཚོའི་ད་ལྟའི་གནས་བབ་འདི་ལ་འཇིགས་སྣང་ཆེ་ཞིང
མ་འོངས་གོམ་ཁ་གང་ལ་བསྐྱོག་འགྲོ་ཨ་ཙ་མ
2017.1.18
ད་ལྟ་བ།
ཁྱོད་ནི་ཁྱོད་ཀྱི་སྔ་རོལ་ལས་བྱུང
ཁྱོད་ཀྱི་སྔ་རོལ་ལས་ཀྱང་སྔ་རོལ་ལས་བྱུང
རྟེན་འབྲེལ་གྱི་རླབས་སྒྲ་འགྲིག་ནས་བྱུང
རྒྱུ་འབྲས་ཀྱི་བཞུར་རྒྱུན་དེད་ནས་བྱུང
ཁྱོད་ཀྱིས་རང་གི་སྔ་རོལ་ཀུན་གྱི
ཆེས་དག་གཙང་དང་བག་ཡངས་ཚང་མ་བསྐྱུར་ཏེ
སྐད་འཕྲིན་དང་དྲ་རྒྱའི་དུས་རབས་འདིར་འཇུས
མི་ཚང་མས་སྐུད་ལམ་གང་རུང་ནས
རུས་ཐོ་ཞིག་དང་མཚུངས་པའི་གླེང་གཞི་རེ་རེར
ངོ་གདོང་ལྐོག་ཏུ་སྦས་ཏེ་ཇི་ལྟར་དམུར་ཡང
སྔར་བཞིན་མི་འཆུན་པ་གང་ཞིག་ཆོད་ཀྱིན་མི་འདུག་ཨང
དམུར་ནས་མི་ཆོད་པ་དེ་ཁྱོད་རང་ཡིན་ནམ ཡང་ན
ཁྱོད་རང་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་དེ་ཡིན
གང་ལྟར དཀར་རྒྱངས་ངེ་བ་ཞིག་གི་ཆེད་དུ
རང་གི་དམར་ཟིང་ངེ་བ་དག་འཛད་ཀྱིན་ཡོད་ཨང
ཁྱོད་ཀྱིས་ཟློས་གར་ཅི་ཞིག་འཁྲབ་ཀྱང
དུས་ཚོད་མཐའ་དག་ཁྱོད་ཁོ་ནར་དབང་བས
ཁྱོད་ཀྱིས་རང་ལ་ཚང་རྩིས་ཞིབ་ཏུ་བརྒྱབ་སྟེ
འདས་པར་རྒྱབ་ཀྱིས་ཁེན་ལ་མདུན་དུ་གཟིགས་དང
དུས་ཚིགས་ཀྱི་མཚོ་མཐའ་འདི་ནས
ཁྱོད་ཀྱི་རང་གཟུགས་ཆུ་ལ་ཤར་དགོས
མ་འོངས་པ་ཞེས་པའི་མཉན་པ་དེའི་ལག་ཏུ
རང་གིས་བཟོས་པའི་རླུང་གཡོར་དེ་ངེས་པར་འཕྲོད་དགོས
2017.1.19
མ་འོངས་པ།
ཁྱོད་ནི་མིག་མདུན་དུ་འཁྱིལ་བའི་མཚོ་མོ་དེ་ཡིན་ནམ
ཕར་ལ་བལྟས་ཚོད་ཀྱིས
བཞུར་གྱིན་ཡོད་མེད་ཀྱང་མི་ཤེས་པ་དེ་ཅི་ཞིག
རྒྱང་རིང་གི་གནམ་མཐའི་མཚམས་སུ
རྟེན་འབྲེལ་གྱི་འོད་ཅིག་འཁྱུག་པ་དེའང་ཁྱོད་ཡིན་ནམ
ཁྱོད་ལ་ཉེ་བར་བཅར་ཙམ་གྱིས
རྒྱང་ནས་རྒྱང་དུ་བཀྱེད་འགྲོ་བ་དེ་ཅི་ཞིག
ཁ་སང གླེགས་བམ་གྱི་ངོས་སུ་ཁྱོད་ཀྱི་རྒྱང་ཐག་རྙེད
དེ་རིང སྡུག་བསྔལ་གྱི་མཚོ་མོ་འཐུང་དྲགས་པས
སང་ཉིན་གྱི་ལམ་དུ་འོད་ཟེར་འཕྲོ་སྲིད་དམ
ཁྱོད་ཀྱི་རླབས་ཆེ་བའི་བདེ་བར་རོལ་ཐུབ་བམ
ཁྱོད་ནི་རྒྱ་མཚོར་འབབ་པའི་ཆུ་ལག་རིགས་ཤིག་སྟེ
གང་དུ་འཕྱོ་ཞིང་ལྡིང་སྟེ་འགྲོ་བཞིན་ཡོད
ཁྱོད་ནི་ནམ་མཁར་རྒྱུ་བའི་སྤྲིན་པའི་རིགས་ཤིག་སྟེ
གང་ལ་བྲེལ་ཅིང་འགྱུ་སྟེ་འོང་བཞིན་ཡོད
ཁྱོད་རང་མི་སོ་སོའི་ཕུགས་འདུན་གྱི་སྣེ་རུ
དགྲོལ་དཀའ་བའི་འདྲི་རྟགས་ཤིག་ཏུ་དཔྱངས་ནས་ཡོད
ངོ་མཚར་བའི་མིང་ཚིག་ཅིག་ཏུ་བསྒོམས་ནས་ཡོད
ལམ་གྱི་བཞི་མདོ་འདི་ནས
གང་ལྟར ང་ཚོ་ལམ་ལ་ཆས་དགོས་པས
ཁྱོད་ཀྱིས་ང་ཚོར་ངེས་དོན་གྱི་ལམ་སྣ་འདྲེན་རོགས
ཁྱོད་ཀྱིས་ང་ཚོ་རྒྱང་རིང་རྒྱང་རིང་ནས་བསུ་རོགས