ཁོ་ཁོག་ལུང་བ་རིང་མོ།།
གཡག་རྒན་ཞིག་དང་མཚུངས་པ།།
མགྱོགས་ལམ་ལྕགས་ཀྱི་ཐག་པས།།
གཡག་རྒྱབ་བསྡམས་དང་མཚུངས་ལེ།།
ཡ་གིའི་རི་སྣ་ཕུག་ལུགས།།
གཡག་སྣ་ཤིང་བུས་གཟེར་འདྲ།།
མ་གིའི་རྩྭ་ཐང་གཙབས་ལུགས།།
གཡག་འཕོངས་དབྱུག་པས་བརྡུངས་འདྲ།།
རྩྭ་དང་རྩི་ཤིང་བཅད་ལུགས།།
གཡག་རྔ་ལག་རྩིད་བཅད་འདྲ།།
གད་སྙིགས་གང་སར་གཏོར་བ།།
གཡག་རྒྱབ་རྔོ་ཡིས་ཟོས་འདྲ།།
དཔྱིད་གསུམ་རྩྭ་བཏུ་ཤིང་བཏུ།།
གཡག་མགོ་ཁྭ་ཏས་བཏོགས་འདྲ།།
དབྱར་གསུམ་ས་བརྐོ་རྡོ་སློག །
སྒ་ཆག་ཁལ་གྱིས་མནན་འདྲ།།
སྟོན་གསུམ་མེ་སྐྱོན་སད་སྐྱོན།།
གེག་ནད་ཁ་ཚ་བྱུང་འདྲ།།
དགུན་གསུམ་རྩྭ་ཆད་ཁང་ལོག །
གཡག་ལྟོ་མུ་གེས་བཙིར་འདྲ།།
གཡག་འདིའི་ལོ་རྒྱུས་གླེང་ན།།
མགོ་ལ་རྭ་ཁ་ཡག་རབས།།
རྐང་ལག་སུག་བཞི་ཡག་རབས།།
རྔམ་དང་གཟི་བརྗིད་ཡོད་རབས།།
ལྷ་གཡག་ཁམ་པ་ཡིན་རབས།།
ལྷ་དང་སྲུང་མ་བཙན་རབས།།
བདག་པོ་དབང་ཐང་ཆེ་རབས།།
བསྟོད་གླུ་གེ་སར་སྒྲུང་རེད།།
ད་ལྟ་གཡག་འདི་རིག་ན།།
ཡིད་སེམས་མི་སྐྱོ་རང་སྐྱོ།།
སུག་བཞིས་གཟུགས་གཞི་མི་ཐེག །
དབུགས་ཀྱང་ལྷེམ་ཙམ་ལྷེམ་ཙམ།།
གཡག་འདིའི་ཚེ་སྲོག་སུས་སྐྱོབ།།
གཡག་འདིའི་སྐྱིད་སྡུག་སུས་རིག །
སྲུང་མ་ནུས་མཐུ་ཅན་པོས།།
ཚེ་ཡི་དངོས་གྲུབ་ད་སྩོལ།།
བདག་པོ་བྱམས་སེམས་ཅན་པོས།།
གཡག་གི་སྐྱིད་སྡུག་ད་གཟིགས།།
བླ་མ་ཐུགས་རྗེ་ཅན་པོས།།
ཐུགས་ཀྱི་དཀྱིལ་ནས་མ་འདོར།།
གཡག་རྒན་འཆི་ལ་ཁད་རེད།།
དཔོན་པོ་བློ་གྲོས་ཅན་པོས།།
ཐབས་དང་བཀོད་པ་ཞིག་རེམས།།
གཡག་རྒན་འཆི་ལ་ཁད་རེད།།
རྒན་པ་སྐུ་བསོད་ཅན་པོས།།
ཁ་ཏ་སློབ་སྟོན་ཞིག་རེམས།།
གཡག་རྒན་འཆི་ལ་ཁད་རེད།།
དར་མ་སྙིང་སྟོབས་ཅན་པོས།།
བདག་སྐྱོང་གཅེས་སྤྲས་ཤིག་རེམས།།
གཡག་རྒན་འཆི་ལ་ཁད་རེད།།
བྱིས་པ་ཚེ་ཐག་རིང་རྒྱུ།།
གད་སྙིགས་གང་སར་མ་གཏོར།།
གཡག་རྒན་འཆི་ལ་ཁད་རེད།།
སྡུག་གཏམ་ནང་གི་སྙིང་གཏམ།།
ནང་མི་ཁོ་ཁོག་ལུང་བའི།།
སྡེ་མི་གོང་འོག་བར་གསུམ།།
སྒོས་སུ་བཤད་ས་འདི་ཡིན།།
སྤྱི་རུ་གངས་ཅན་བོད་པའི།།
ག་ས་གང་གི་རུ་སྡེ།།
དཔེ་ལེན་གཅིག་དང་གཅིག་ཡིན།།
འབྲོག་ཕྲུག་ཅིག་གི་སྡུག་གཏམ།།
གཡག་རྒན་ཞིག་གི་ཆེད་ཡིན།།
གླེན་རྒན་ཉལ་ནས་མ་འདུག །
གཡག་རྒན་བདག་པོ་རེམས་ཤིག །
༢༠༡༦.༡.༡༠ཉིན་གྲུབ།