སྲོད་ཀྱི་དུས་སུ་སྲང་ལ་འཁྱམས།།
གློག་འོད་དཀར་སེར་དམར་ལྗང་མཐོང་།།
མི་ཚོགས་རྒྱ་མཚོའི་རླབས་ཕྲེང་མཐོང་།།
མུན་དོང་ལྟ་བུའི་མིག་ཟུང་ནི།།
སྐར་ཚོགས་བཞིན་དུ་རུབ་པ་མཐོང་།།
བཅོས་མའི་འཛུམ་དང་གཏམ་དག་ཀྱང་།།
གདོང་འབག་བཞིན་དུ་གྱོན་པ་མཐོང་།།
ཁེར་རྐྱང་བརྒྱ་སྟོང་ཁྲི་འབུམ་མཐོང་།།
སྐྱོ་གདུང་བྱེ་བ་ཁྲག་ཁྲིག་མཐོང་།།
རེ་ཆད་དག་ཀྱང་སོ་ཕག་གམ།།
རི་བོ་བཞིན་དུ་བརྩིགས་པ་མཐོང་།།
མཚོ་མོའི་གཟུགས་ཀྱིས་མེར་བ་མཐོང་།།
བྱེ་མའི་ཚུལ་གྱིས་བཞུར་བ་མཐོང་།།
ཆུ་རླབས་ལྟར་དུ་འཕྱོ་བའང་མཐོང་།།
མུན་པའི་ལྕགས་ཚ་དམར་པོ་མཐོང་།།
རུས་རྐང་ཞུན་མར་འཐག་པ་མཐོང་།།
རྫོབ་ཅིང་མཐུག་པའི་དྲེག་མོག་ནི།།
ཡབ་ཀྱི་གདོང་བར་བྱུགས་པ་མཐོང་།།
ཡུམ་གྱི་མིག་ལ་གཏོར་བ་མཐོང་།།
རྒྱུ་དང་ནོམ་པའི་མེ་ལྕེ་མཐོང་།།
ལང་ཚོའི་བླ་གོས་འཚིག་པ་མཐོང་།།
ཧམ་པའི་རླུང་ནག་འཚུབ་པ་མཐོང་།།
གཉེན་གྱི་མདུད་པ་གྲོལ་བ་མཐོང་།།
གྲོགས་ཀྱི་མཁར་རྫོང་ཞིག་པ་མཐོང་།།
ཁྲག་གི་ཕྱེ་ལེབ་རྩེན་པ་མཐོང་།།
རྨ་ཁ་མེད་པའི་ན་ཟུག་མཐོང་།།
འཕྱ་བའི་སྐད་དང་སྨོད་པའི་གཏམ།།
སོ་ཕྲེང་ཕྱི་རུ་འཐོར་བ་མཐོང་།།
ལོ་མང་བསླས་པའི་བརྩེ་བ་ནི།།
ཚགས་ཤོག་བཞིན་དུ་རལ་བ་མཐོང་།།
མུན་པས་མིག་ཟུང་སྒྲིབ་པ་མཐོང་།།
འཛུམ་གྱིས་བཀབ་པའི་འཇིགས་སྐུལ་མཐོང་།།
མེ་ཏོག་ལྟ་བུའི་གཡོ་ཇུས་མཐོང་།།
མི་སེམས་ནག་པོའི་གྲིབ་མ་ནི།།
ཚེར་མའི་ཚུལ་གྱིས་གཟེངས་པ་མཐོང་།།
དཔུང་ཤ་རྒོད་པའི་ཚེ་སྲོག་ནི།།
མེ་སྟག་བཞིན་དུ་ཞི་བ་མཐོང་།།
སྙན་གྲགས་བ་དན་འགྱེལ་བ་མཐོང་།།
ལང་ཚོའི་ཉི་འོད་རྙིད་པ་མཐོང་།།
མུ་མེད་འཁོར་བའི་བྱང་ཐང་དུ།།
སྐྱིད་ཀྱི་སོན་འབྲུ་རྙེད་མཁན་ནི།།
མཛུབ་མོའི་གྲངས་ལས་མེད་པ་མཐོང་།།
དུས་རབས་ནག་པོའི་མཚན་མོ་འམ།།
མི་རྟག་སྒྱུ་མའི་རུས་སྒྲོམ་ནི།།
ཚིག་དང་བརྗོད་པའི་འདུ་སྦྱོར་གྱིས།།
བྲིས་ཀྱང་རྫོགས་སུ་མེད་པ་མཐོང་།།