འབྲོག་མོ།

ཚེ་དཔག་སྐྱབས། (ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


གཡང་དཀར་ལུག་རྗེས་སྙེག་པའི་སྐྱ་ཡ་མེད་པའི་བུ་མོ།།

བདག་ཡིད་བ་ཀུ་ལ་འདི་འཛུམ་བྱེད་ཁྱོད་ཀྱི་འགྲམ་ཆང་།།

ནམ་ཟླ་དབྱར་གཞུང་ཞིག་ལ་རི་དེའི་ལྟོ་བ་དེ་གར།།

རྫི་རྟ་ཁམ་པ་འདོགས་དུས་བརྩེ་ཆང་མགྲིན་པས་སྐྱོར་ཡོད།།

 

ཞོགས་པའི་སྨུག་སྤྲིན་ཨེན་ཙམ་རི་བོས་ཞྭ་རུ་གྱོན་ནས།།

ཉི་ཟེར་འཆར་ཀའི་ན་བཟའ་གོས་ཀྱི་རྒྱན་དུ་སྤུད་ཡོད།།

ལྷས་འདབ་ལྕི་བའི་དྲི་མ་སྣ་ཤེས་ཡུལ་དུ་ཁྱབ་ཀྱང་།།

འབྲོག་མོ་ལྕི་བ་རློན་པ་ལྷས་རའི་མཛེས་པར་རློམ་ཡོད།།

 

སྦྲ་འདབ་ཆོན་ཐག་སྣེ་ནས་མིག་གིས་ཁྱོད་ཉིད་འཚོས་ཡོད།།

ཕ་གིའི་རྒྱང་རིང་རི་ན་དགོ་དང་ཤྭ་བ་ལ་སོགས།།

ལུང་མདོའི་སྤང་ལ་བབས་ཏེ་ཆུ་མོ་འཐུང་ཞོར་རྩེད་ཞོར།།

སྟོད་ཀྱི་རི་ལ་གཤར་བའི་བག་ཕེབས་རྩེད་འཇོ་བསམས་ན།།

 

ངས་ཀྱང་ཁྱོད་ཉིད་བསམ་སྟེ་ལུག་ཁྱུ་ཁྱོད་སར་བསྐོར་ཡོད།།

ག་ལེར་གཏམ་ཞིག་བསྒྲིགས་ནས་ཁྱོད་ཀྱི་གམ་དུ་འབྱོར་ན།།

རང་སྡེ་མི་ཁ་བཙན་པོའི་ཚིག་གི་འུར་ཆ་དེ་ཀོ །

འུ་གཉིས་མགོ་ལ་བསྐོར་ན་ཁྱོད་ལ་དཔུང་རོགས་ང་ཡོད།།

 

ཆུ་ལ་དྭངས་ཤ་ལྡན་ཞིང་སྤང་ལ་ནེམ་ཤ་ཆགས་པ།།

མཛའ་བརྩེའི་ཁྲུང་ཁྲུང་འབབ་སའི་དབྱར་གྱི་ལང་ཚོ་ཡིན་ན།།

དགའ་བ་ཕྱེ་ལེབ་འཕུར་ཞིང་ཉི་འོད་ལམ་ལམ་འཚེར་བ།།

འདི་ཀོ་དྲན་པའི་གསེབ་ཀྱི་ཁམ་བུ་སྨིན་ཚུལ་ཨེ་རེད།།

 

ཨ་ལ་ཀུ་རེ་ཟེར་ཞོར་ཚིག་གི་ཐག་སྣེར་བརྒྱུས་ནས།།

འདོད་པའི་མཛོད་ན་བསྐུངས་པའི་སྙིང་གཏམ་ཚིག་གི་ནས་འབྲུ།།

ཁྱོད་ཀྱི་སྙིང་ནས་བྲུས་ཏེ་ང་ཡི་བུ་གར་བཅུག་ན།།

ཀུ་རེ་བསླངས་ཚུལ་ཞིག་དང་སེམས་གཏམ་འདྲི་ཚུལ་ཞིག་ཡིན།།

 

མཆུ་རྩི་སེན་རྩི་མེད་པའི་ཇི་འདྲའི་བུ་མོ་མེད་པོ།།

ལྷན་སྐྱེས་བཞིན་རས་བཀྲ་བ་སྟག་གི་རི་བཀྲ་ཅན་མ།།

ན་ཆུང་གཞོན་ནུ་གང་དེའི་སེམས་ཀྱི་རི་སིལ་དམར་པོ།།

ཟོག་པོའི་མིག་ལ་མཛེས་པའི་འདོད་ལྡན་འདོད་པའི་གར་མ།།

 

མཚན་མོའི་རས་གུར་ནང་ནས་ཟླ་བར་ཞེ་འདང་འཁོར་ནས།།

ཁྱོད་ཀྱི་ཉེ་སར་སླེབས་ཚེ་རྐང་ལག་ཁྱི་ཡིས་རྨུགས་སོང་།།

ཕ་གིའི་རི་ཐང་ཞིག་ནས་ཡུད་ཙམ་བསྐུངས་ནས་བསྡད་པ།།

འཛོམས་པའི་དུས་ཆད་མིན་ལ་སྐྱོ་ཤས་སྨྲེང་བའི་གར་རེད།།

 

སང་ཉིན་ཞོགས་པའི་དུས་ལ་མགོ་དཀྲིས་གློ་ཁ་ཅན་མས།།

བཞོ་དབྱངས་ངག་གིས་འགུགས་དུས་གྲེ་འགྱུར་རྣ་ལ་ལྷུང་ཡོང་།།

རས་ལྭ་སྐྱ་བོ་གྱོན་པའི་ཟུར་མིག་སྨིན་པའི་སྨན་ཤར།།

དྲན་པའི་ལྗོན་རྩེར་འཁྱུད་པའི་རོགས་མཐུན་ཁུ་བྱུག་ཡིན་ན།།

 

དགའ་སྤྲོའི་ལོ་མའི་སྟེང་ལ་བརྩེ་བའི་རི་མོ་འབྲི་བའི།།

བརྩེ་བ་གཞས་ལ་བཀུག་པའི་འབྲོག་རའི་ཕྱུགས་ཆུང་བུ་མོ།།

ཡུལ་ཕྱོགས་གང་ལ་ཆས་ན་འཛུམ་དཀར་དེ་ལ་མངོན་པའི།།

ལྷག་བསམ་འོ་མས་འཁྲུད་པའི་མི་ཚེའི་བརྩེ་བའི་རུ་མ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1