ནམ་ཞིག་རླུང་གི་ཐག་པ་རིང་བོ་ཞིག །
སྒྱུ་མའི་བ་གླང་སྐེ་ལ་བཏགས་པའི་ཚེ།།
གཙང་པོ་སྐྱོམས་པའི་རླབས་ཀྱི་ཁུགས་པ་རེར།།
ཁྱོད་ཀྱི་མིང་དང་རྐང་རྗེས་རེ་རེ་གསལ།།
མུན་དོང་ནང་གི་སྐྱོ་བའི་ཨག་ཚོམ་ཞིག །
ལག་པས་བྱིལ་ཞོར་བྲང་ཁར་དཔྱངས་པ་ན།།
དེ་ཡི་གསེང་ན་སྡོམ་གྱི་ལག་པ་དང་།།
མཆེ་བ་དག་ཀྱང་ང་ཡི་ཕྱོགས་སུ་སྦྱར།།
ང་རང་སྤྲེའུ་ཞིག་གི་རིགས་ལས་སྐྱེས།།
ང་ཡི་ཕ་རྒན་སྤྲེའུ་གང་ན་ཡོད།།
འཚོ་བའི་གོས་ཀྱིས་ཚུར་ཚུར་བཅུམས་པ་ན།།
གཉུག་མའི་ནགས་ཀློང་དེ་ག་འཚོལ་སྙིང་འདོད།།
སྙིང་གི་དབུས་སུ་མེ་ཏོག་ཁྱོད་རང་བཙུགས།།
དུངས་པའི་བརླན་དང་བརྩེ་བའི་དྲོད་ཁོལ་གནང་།།
མི་རྟག་སྒྱུ་མའི་ངོ་འཛུམ་གནག་སྟེ་ཕེབས།།
ལོ་ཟླའི་འདབ་ལོ་དག་ཀྱང་ས་རུ་འཐོར།།
གླེན་པའི་མགོ་ན་ཚེར་མ་ཕོན་ཆེན་ཞིག །
སུ་རུའི་མེ་ཏོག་བཞིན་དུ་ཁྲ་ལམ་མེར།།
ནམ་ཞིག་རྒས་པའི་ཟླ་འོད་འཆར་བའི་ཚེ།།
མི་དགེ་ལས་ཀྱི་ས་བོན་མི་འགྱུར་གྲང་།།
མདུན་རྒྱབ་གང་དུ་རྡེའུ་དཀར་ནག་བསྒྲིགས།།
མཛུབ་རྩེ་སྤྱད་དེ་རྡེའུ་ནག་པོ་དེད།།
འགྲིག་རྡེའུ་ངོས་ཀྱི་ཐ་སྙད་ཉམ་ཆུང་དག །
ཆེད་དུ་ང་ལ་བལྟས་ནས་འབུར་དུ་དོད།།
2016.8.6 ལ།