ཆར་བས་ལྭ་བ་བརླན་པའི་གཡུ་སྦྲང་གཞོན་ནུ།།
སེམས་འཕྲིན་མེ་ཏོག་དམར་པོ་ཡིད་ཀྱི་ཨ་ལོང་།།
དུངས་ཞེན་དར་སྐུད་རིང་མོ་རྒྱང་ལ་འཁྲེང་ནས།།
བརྩེ་གཞས་སྐོར་བྲོ་འཁྲབ་པའི་རྡོག་སྒྲ་ཀྲོག་སེ།།
ཞེ་འདུན་མནའ་ཚིག་མོད་པའི་ཁུགས་སོའི་ཕག་ན།།
འགྱུར་མེད་དན་རྟགས་གཤིབ་པའི་ཅང་ཤེས་རྟ་ཕོ།།
འདས་སོང་ལོ་ཟླའི་དྲན་གདུང་སྤྲིན་པའི་གསེབ་ན།།
ཚོར་བ་སྙུག་སོའི་རྩེ་ནས་འཕྲིན་པ་བསྐུར་ཡོད།།
སྣང་འཆར་གཏམ་རྒྱུད་འདྲེས་པའི་རྒྱུད་སྐུད་རེ་ལ།།
ཚིག་དྲུག་རྟོག་འཆར་རིང་མོ་དབྱངས་ལ་བཀུག་ཡོད།།
ཁྲོམ་ཆེན་འདུ་འཛི་རྒོད་པའི་ཧྲག་བར་གན་ནས།།
ཕན་ཚུན་སྙིང་ལ་སིམ་པའི་གསང་བརྡ་མ་བརྗེད།།
ལས་སྐལ་བསྐོས་འདེམས་མིན་པའི་རྫ་རིའི་ཉག་གན།།
ལས་ཀྱི་ལན་ཆགས་ཡིན་ཡང་ཨམ་གཙིགས་མ་འཁྲེན།།
ཚིག་འབྲུ་གོ་ལོག་འགའ་ཡིས་སྤྲིན་ནག་ཡོལ་ནས།།
ཡིད་ཆད་འཁང་རའི་ཀློང་ནས་དབུགས་རིང་མ་འཕེན།།
ཧ་ཅང་སེམས་ལ་སོང་ནས་དམ་ཚིག་ལོས་ཡོད།།
རླབས་སྒྲ་ཆལ་ཆིལ་གཡོ་བའི་གཙང་པོའི་འགྲམ་ནས།།
ཆུ་བོའི་བཞུར་རྒྱུན་འདྲ་བའི་སྨོན་ཚིག་བརྒྱབ་ཡོད།།
ཡིད་ཀྱི་མེ་ཏོག་སྤང་གི་སེར་ཆེན་འཛུམ་འཛུམ།།
ཞེ་འདང་དར་གྱིས་དཀྲིས་ནས་ཡུན་དུ་བསྲིངས་ཡོད།།
༢༠༡༧.༧.༢ཉིན།