མུན་པའི་ལྕེབ་ཐག་དྲུད་པའི་ས་དྲོད་དེ།།
འཁོར་བ་ཁྲ་ཁྲ་མག་མོག་རྡུལ་ལ་ནུབ།།
རྟོག་ཡན་རི་ལ་ཤོར་བའི་འཆར་སྣང་གིས།།
མཚན་གཞུང་ཧྲིལ་བོ་འོད་དང་ཟེར་དུ་སྦྲུམ།།
དབེན་ཐང་རི་ཀློང་ཡངས་པོའི་ལྟེ་བ་རུ།།
སྙན་ངག་མེ་ཕུང་འཕྱུར་བའི་ཙག་སྒྲ་ཡིས།།
མི་ཧྲེང་ཁྱུ་ཚོགས་མྱོས་པའི་གར་ལ་ལྟོས།།
ཚོར་བའི་ཟབ་ཚད་བསྙེས་པ་དེ་རུ་འཆད།།
མཚན་མོ་ནག་པོས་གདོང་ལ་རི་མོ་ཕབ།།
རི་མོའི་ཕག་ན་སྣང་བའི་མཇུག་མ་འཁྱུག །
སྙན་ཚིག་སྙེ་མ་ལྡེམ་པའི་དུས་ཚིགས་དེར།།
མི་བུ་སྐོར་ཞིག་ཟུར་དུ་སྨྱོ་སྟབས་འབུད།།
མཚན་མོ་གླེང་ཞིང་མཚན་མོར་རོལ་བ་དེ།།
སྙན་ངག་རྟོག་པ་གྲོལ་བའི་ཉེར་བསྡོགས་ལས།།
འཁོར་འདས་རུ་ཤན་གླུ་རུ་ལེན་པས་ན།།
རྟོག་ཚོགས་རང་སར་ཡལ་བའི་ངོ་བོར་ལྟོས།།
2017.7.26