འཇིག་རྟེན་བྱེ་མའི་ཐང་ཆེན་འདི་ལ་མཐའ་མེད་དོ།།
འདོད་པའི་མེ་ཡི་ཚ་གདུང་འདི་ལ་མཐའ་མེད་དོ།།
སྡང་བའི་དུ་སྤྲིན་སྟུག་པོ་འདི་ལ་མཐའ་མེད་དོ།།
རྨོངས་པའི་མཚན་ལམ་རིང་མོ་འདི་ལ་མཐའ་མེད་དོ།།
རེ་དོགས་ལམ་འཕྲང་དོག་མོ་འདི་ལ་མཐའ་མེད་དོ།།
ངལ་ཞིང་དུབ་པའི་རྨི་ལམ་འདི་ལ་མཐའ་མེད་དོ།།
ཁྱེད་ཀྱི་བྱམས་བརྩེའི་གནང་སྦྱིན་འདི་ལ་མཐའ་མེད་དོ།།
མཐའ་མེད་འཁོར་བའི་དུར་ས་འདི་ལ་ཁྱེད་ཅིག་མཁོ།།
ཡི་ཐང་ཆད་པའི་འབྲས་ལྡན་ནགས་ཀྱི་སྤྲེའུ་ལ།།
བརྩེ་ཆེན་ཕྱག་གིས་ཞི་བསིལ་བདུད་རྩིའི་རྒྱུན་སྩོལ་བའི།།
འཕགས་མ་གང་གིས་ཚད་མེད་སྙིང་རྗེའི་ལྕགས་ཀྱུ་ཡིས།།
སྒྱུ་མའི་རྟ་ཁྱུ་རི་ཁར་འདེད་རྣམས་མ་དོར་བར།།
ཁྱེད་ཉིད་གཅིག་པུ་སྲིད་པའི་ནགས་སུ་བཏང་ངམ་ཅི།།
དོ་ནུབ་སླར་ཡང་ཧཱ་པ་ཆ་གཅིག་ཕན་ཚུན་དམོད།།
དགུ་ཚིགས་དབུས་ཀྱི་ཟླ་བ་ཅུང་ཙམ་ནོངས་ཏེ་འགྲོ།།
སྐར་མ་རྩི་བའི་བུད་མེད་ཚོམས་ཤིག་ཕེབས་འོངས་ཏེ།།
སྐྱ་ཐག་ཆད་པའི་ཞལ་ངོ་མང་པོ་སྟོན་བཞིན་དུ།།
ང་ཡི་གདོང་ལ་འཛུམ་པའི་སོ་ཕྲེང་བཙན་གྱིས་འབྲི།།
ཀུ་རེ་ལྟ་བུའི་འཇིག་རྟེན་འདི་ཡི་ཉིན་མཚན་དུ།།
བྱམས་ཆེན་འཕྲུལ་གྱི་མེ་ལོང་ཐོགས་པའི་ལྷ་མོ་ཁྱེད།།
གཟིམ་དུ་མེད་པའི་མར་མེ་ཞིག་ལྟར་གསལ་བར་ཤོག །
༢༠༡༦.༡༠.༢༩