ཤོག་དཀར་ངོས་སུ་མི་ཚེ་ཡང་ཡང་བྲིས།།
དེ་ལ་ལམ་གྱི་སྣེ་མོ་མང་དུ་བྲིས།།
ང་ནི་རེ་བའི་རླུང་གིས་དེད་པ་ཡིས།།
ལོ་ཟླའི་མདུན་དུ་རྒྱུག་སྟེ་སྒོ་ཁར་འཚང་།།
ལམ་དེར་དུས་ཀྱི་དྲག་ཆར་རབ་ཏུ་འབབ།།
ང་ནི་ཁ་ཕྱོགས་མེད་པའི་ལོ་མ་ལྟར།།
ཕྱི་རོལ་གཙང་པོར་ལྕེབས་ཏེ་འཆི་ཡང་སྲིད།།
གྲོག་རོང་རྡོ་བའི་ཕག་ནས་འགག་ཀྱང་སྲིད།།
ཡིན་ཡང་ཁོ་བོ་ད་དུང་གསོན་དགོས་པས།།
ཚེ་ཡི་དགུན་གཞུང་དག་ནི་རིང་ནས་འཁྱག །
ང་ནི་འཚོ་བའི་ནང་གི་སྡོད་ཁང་དེར།།
དུངས་པའི་དབང་གིས་བསྐྱར་དུ་ལོག་དགོས་བྱུང་།།
སྔོན་ཆད་ང་དང་མཉམ་དུ་འདུག་མྱོང་བའི།།
ཆུང་འདྲིས་དག་ནི་དཀའ་སྡུག་རྒྱ་མཚོ་བརྒལ།།
ང་ལ་ཕྱི་རྐྱེན་ནང་རྐྱེན་དུ་མ་ཡིས།།
ད་དུང་འཚོ་བའི་སྒོ་གླེགས་ཕྱེ་མ་ནུས།།
ང་ཡི་ནར་སོན་དུས་ཚོད་འགའ་ཞིག་ཏུ།།
སྙིང་སྡུག་ཤུལ་དུ་ལུས་པའི་གཏམ་རྒྱུད་བརྡོལ།།
སྐྱོ་བའི་མིག་ཆུ་མི་ལྷུང་སྡུག་བསྔལ་དེ།།
ང་ནི་རྒྱང་དུ་ལོག་པའི་སེམས་ཤུགས་ལགས།།
བརྩེ་བའི་མེ་ཏོག་ལྷན་དུ་བཏབ་མྱོང་བའི།།
ང་ཡི་དྲན་ཤིང་སྣུམ་པོ་གང་དུ་མཆིས།།
ད་ལྟ་ང་ནི་ཧ་ཅང་གཉོམ་ཞིང་ཆུང་།།
ནང་སེམས་དྲོད་ཐིག་ཙམ་ཡང་རྙེད་མ་བྱུང་།།
མི་ཡུལ་ཉེ་རིང་ཆགས་སྡང་རེ་རེ་ནི།།
ཕྱི་ནང་རབ་ཏུ་གསལ་བའི་ཆོས་ཉིད་ཀྱིས།།
བདེན་པའི་ངག་བཞིན་ཁོ་བོར་འཆད་པ་ན།།
ང་ཡིས་ཁྱོད་ཀྱི་སྙིང་གི་ཟབ་ཚད་འཚོལ།།
ང་ནི་རྒྱང་ནས་ཐོན་པའི་བསིལ་རླུང་ལགས།།
ཡིད་འདབ་རེ་རེ་འཐོར་བའི་ཕྱི་དྲོར་ཆགས།།
ནམ་ཡང་སྐྲ་ཡི་ཉག་མ་རེ་རེ་བཞིན།།
ཁྱོད་ནི་ཁེར་རྐྱང་ཡིན་པ་ང་ཡིས་གོ།།
ལས་ཀྱིས་བྲལ་བའི་སོ་སོའི་བྱིས་དུས་ནི།།
འུ་གཉིས་ད་བར་ལུས་པའི་ནོར་འཆུག་མིན།།
ང་ཡིས་རང་ལ་རིན་ཐང་འཚོལ་ཚུལ་ཡིན།།
ང་ཡིས་ཁྱོད་ལ་རང་དབང་སྟེར་ཚུལ་ཡིན།།
འཚོ་བའི་རྨི་ལམ་རིང་མོའི་མགོ་མཇུག་ཀྱང་།།
ང་ཡིས་ཁྱོད་ལ་བྲིས་པའི་སྙན་ངག་ཅིག །
སྙན་ངག་དེ་ཡིས་རང་ལམ་སྙེག་བཞིན་དུ།།
ང་ཡིས་ཚེ་ཕྱེད་ཙམ་དུ་སྙན་ངག་བྲིས།།
2017.7.28