སྙན་ངག

ཤེས་རབ་རྒྱ་མཚོ། (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


སྣང་སྲིད་རོ་བཅུད་དྭངས་མའི་ཁམས།།

མིང་དང་བརྡ་རུ་ཤར་བ་ནི།།

པི་ཝང་སྔོན་པོར་འཛུམ་པ་དེ།།

གཉུག་མའི་གཤིས་ལ་འཁྱུད་འདི་མཚར།།

 

གཡུ་སྤང་འཐབ་པའི་ཟུར་ངོས་ནས།།

འཇའ་སྤྲིན་ལག་པ་སྦྲེལ་བ་དེར།།

གསང་བའི་ཐེལ་ཙེ་གདབ་པ་ལ།།

སེམས་འགྲོས་ཆར་བའི་ཟོལ་དུ་འབབ།།

 

ཕྲ་ཞིང་ཕྲ་བའི་སེམས་རིས་ཀྱིས།།

ཐ་སྙད་བཤིགས་པའི་རྟེན་འབྲེལ་ནི།།

རི་དང་གཙང་པོར་ཐིམ་པ་ཡིས།།

གཤིས་ཀྱི་སྙན་ངག་འོད་དུ་གྲུབ།།

 

བླ་སྲོག་དེ་ལ་གླན་པ་ན།།

ངལ་བའི་རྡུལ་དང་གསེག་མའི་ཕོན།།

དུབ་པའི་འབག་བཙོག་ཅི་དང་ཅི།།

སྟོང་བའི་དབྱིངས་དང་རོ་གཅིག་བྱེད།།

 

དེ་བས་བདག་གི་རྣམ་ཤེས་ནི།།

ཕྱི་ནང་གསང་གསུམ་གསལ་བ་ཡི།།

ཡང་ན་འོད་ཀྱི་གླེགས་བམ་ཞིག །

མིན་ན་ཤེལ་གྱི་རྒྱུད་མངས་ཤིག །

 

སྐབས་རེར་རྒོད་པོ་འཕུར་སྟངས་ཀྱིས།།

ཉི་ཟླའི་བརྩེ་བ་གཤོག་པས་སྦྲེལ།།

ལན་རེར་གཙང་པོ་བཞུར་ཤུགས་ཀྱིས།།

རླབས་ཀྱི་དུངས་པ་མཁའ་རུ་གཏོར།།

 

 

 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1