སྙན་ངག་ཚན་པ་གསུམ།

ཞོགས་གཞོན། (མཚོ་བྱང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


སེམས་ཀྱི་རེ་བ།

 

མདོག་འགྱུར་བའི་གོ་རིམ་ནི

གཏན་ནས་ཡིད་དུ་འོང་བ་ཞིག་ཡིན་མི་སྲིད

མི་རྣམས་ཀྱི་འདོད་པའི་ཁ་དོག་ནི་དཀར་པོ་རེད

དེ་ནག་པོར་བསྒྱུར་མི་འོས་པ་བཞིན

ཆེས་སྙིང་ཉེ་བའི་དུས་ཚིགས་འདིར 

ཁྱོད་ཀྱི་སྐྱོ་སྣང་མཐའ་དག་ལས

ངས་བཙལ་བའི་རི་མོ་ཡག་ཤོས་དེ

སྐྱེ་འཆིའི་མཐིལ་དུ་བཞད་པའི་རེ་བ་འདི་ཡིན

 

                                     ༢༠༡༧ལོའི་ཟླ༧པའི་ཚེས༢༢ཉིན།

 

 

            གླུ་དབྱངས་ཤིག་གི་ཉན་འཕྲོ།

ལིས་ནཱ  གྲོང་ཚོ་འདི་རུ་ཁྱོད་ཀྱི་ལོ་ཟླའི་གསེང་གི་འགྲོ་འདུག་མཐའ་དག

རླུང་བུ་ལྟར་ནུབ་ལ་བཞུད་པ་དང་མཚུངས

དོན་ངོ་མར་ངས་སུ་ལའང་བརྩེ་དུངས་ཀྱི་སྐད་ཆ་གླེང་དུས

འུ་གཉིས་ཀྱི་བར་དུ་ཡིད་འོང་གི་གངས་རི་ལྟ་བུའི་ཁ་དོག་ཅིག་ཡོད་པ

ད་ལྟ་ཆེས་ཁ་ཐག་རིང་བའི་སྡུག་ཡུས་ཀྱི་བཙོན་ར་ཞིག་ཏུ་གྱུར་འདུག་པ་ཚོར

 

ལིས་ནཱ  ང་ཚོའི་སེམས་ཀྱི་ཟབ་སར་བཞག་པའི

རྨི་ལམ་འདིའི་ཡུལ་ལྗོངས་གཅིག་པུ་རྒྱང་རིང་ཞིག་ལྟར་བཞག་ཡོད་ནའང

ད་ལྟ་ཞེན་ཆགས་ཀྱི་མཚན་མོ་རེ་རེ་ནི

སྲང་ལམ་འདིའི་གྲིབ་མ་སྣ་ཚོགས་ཀྱི་ཕམ་ཉེས་བཞིན

རྒས་ལ་ཉེ  རྒས་ལ་ཉེ 

 

                                                  ༢༠༡༧ལོའི་ཟླ༦པའི༡༤ཉིན།

 

          གྲོགས་པོ་ཞིག་ལ་ཕུལ་བའི་སྙན་ངག

 

ཤིན་ཏུ་ཚ་བའི་འཇིག་རྟེན་གྱི་འཁོར་བ་འདི

མུན་པ་སྲབ་མོ་ཞིག་གིས་ཡོངས་སུ་བཏུམས་ཚར་བ་བཞིན

མི་ཚོགས་ཀྱི་འུར་ཟིང་གི་འདམ་མྱག་ལས

བཞད་པའི་མེ་ཏོག་ལ་སྙིང་བོ་མི་འདུག་ཟེར་ན

དེ་ནི་གྲོགས་མེད་ཁེར་རྐྱང་ངང་བཤད་པའི་སྐད་ཆ་ཞིག་ཡིན་ངེས 

 

ངས་ནམ་ཡང་སྨྲེང་སྐྱོ་དང་འབྲེལ་བ་ཡོད་པའི    

དུས་ཚོད་ཀྱི་སྔ་ཕྱི་གང་རུང་དང

གཏམ་རྒྱུད་ཀྱི་སྔ་ཕྱི་གང་རུང

ཉིན་གང་བོར་འཐེན་པའི་ཐ་མག་འགའི་དུ་སྣེ་བཞིན

གར་སོང་ཆ་མེད་དུ་གྱུར་ཚར་དུས

སྙིང་བོ་མེད་པའི་ལས་ཀ་དག་རྒྱན་ཆ་སྤྲས་པས་ཀྱང་མི་མཛེས་པ

ཞོར་ནས་རྟོགས་ཡོང

 

ངས་རང་གི་སེམས་པ་འདི

ནག་པོ་ཡུག་གཅིག་གི་ངོས་སུ་བྲིས་མ་མྱོང་བ་ནང་བཞིན

རླུང་བུའི་རྒྱུ་ཕྱོགས་ལྟར་གོམས་པའི་འཇིག་རྟེན་འདིར

ཇི་མི་སྙམ་པའི་སྐད་ཆ་དག  ཆུང་ངུར་བཏང་ནས

བརྒལ་དཀའ་བའི་དུས་ཆད་ཅིག་གི་ངོས་སུ་བཏབ་ཡོད

 

                                          ༢༠༡༧ལོའི་ཟླ༦པའི་ཚེས༢༨ཉིན།

 


རྩོམ་ཡིག་སྔོན་མ།
ཐབ་ཚང་གི་ཕྱི་ནང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1