སྐྱིད་སྡུག་རེས་མོས་སུ་འབར་བའི་ཐབ་མེ་གཉོམ་པོ
ཨ་ཕའི་འཛུམ་མདངས་དང་ཨ་མའི་ཚེ་འདུན་ལས་མཆེད
ཁྲག་དང་རྣག་གིས་བཟོས་པའི་རྨི་ལམ་གྱི་རྩིབས་མ
ཐབ་ཚང་གི་གཡས་གཡོན་དུ་སྲ་ཞིང་མཁྲེགས
དཀའ་སྡུག་ཁྲོད་དཀག་པའི་སྐྲ་ལོའི་ཚིལ་ཞག་སྲབ་མོ
རྒྱབ་གོས་ཀྱི་ལྷན་པ་དགུ་རྩེག་དག
ཞེད་སྣང་དང་སེམས་ཁྲལ་གྱིས་བཀྲོལ་ཏེ
འཚོ་བའི་མཚར་སྡུག་གི་རི་མོ
ཐོད་པའི་གཉེར་མའི་ཁྲོད་འཚེར
སྐྱེ་འཆི་དང་སྦྲེལ་བའི་དུས་ཚོད་ཀྱི་དམ་ཚིག
ལོ་ངོ་དྲུག་ཅུ་ཡི་ནམ་མཁའ་དང་ས་གཞི་ཡིན
མི་ཚེའི་ངལ་དུབ་དང་འཚོ་བའི་དབུལ་ཕོངས་ཀྱི་དོན་དུ
སྡུག་བསྔལ་བདེ་སྐྱིད་དུ་བསྒོམས་ནས
ཐབ་ཚང་ཕྱི་ནང་དུ་དགོད་སྒྲས་ཁྱབ་ཅིང
ཁ་བ་ལྟ་བུའི་སྐྲ་འདབས་སུ
ཕུ་ནུ་མིང་སྲིང་ཚོའི་ལང་ཚོ་འོད་དུ་འཁྱུག