དུས་ཀྱི་ཁོམ་ལོང་ན་བཞད་པའི་རྡོ་བའི་མེ་ཏོག
ཉི་ནུབ་དང་ས་སྲོད་ཀྱི་མཚམས་སུ
བདེ་བར་བཞུགས་ནས་ལྷོད་པོར་འཁྱིལ
བྲེལ་འཚུབ་ཀྱི་འགྲམ་ངོགས་ན་སླར་ཡང་སྐྱེས་པའི་ཁ་སྤུ
གང་ཞིག་ལ་བསུ་མ་བྱེད་པ་དང་སུན་པོ་བཟོ་བ་ཇི་བཞིན
དགོང་སྐྱེས་དང་ནངས་འབྲེག་གི་ལས་རིམ་ཁྲོད་ཡལ
ཡུན་རིང་ལ་འབྲེལ་བ་བྱས་མ་མྱོང་བའི་ཁྱོད
འདས་པའི་ཁྲོད་སྔོན་པོ་ནས་སེར་པོར་ཆགས
ཁ་དོག་མེད་པ་ནང་བཞིན གང་ཡང་མིན་པ་ནང་ལྟར
ཚམ་ཚོམ་མེད་པར་རྒྱང་རིང་ལ་ཆས་དུས
འགྱུར་ནས་རྒས་ཤིང་རྒས་ནས་འགྱུར
སྐབས་དེར་མུན་ཁྲོད་ནས་ཁྱོད་རང་དྲན་ཞིང་ཁྱོད་རང་དྲན་ཞོར་མུན་ཁྲོད་དུ་ལུས
ལམ་གྱི་བཞི་མདོ་ནས་འགྱུར་འགྲོ་བའི་རླངས་འཁོར་གྱི་རྒྱུག་ཕྱོགས
སེམས་ཀྱི་ཁུགས་སོ་ནས་སྐམ་ཞིང་རྙིད་སོང་བའི་རྩྭ་ཕྲན་གྱི་ཉག་མ
ལས་ཀྱི་དུས་ཚིགས་སུ་ཡལ་བའི་མཛེས་སྡུག་གི་འཇའ་ཚོན་སྣ་ལྔ
ང་ཡི་སྙིང་ཁ་ནས་ན་ཟུག་གི་བདེ་བ་འཇགས་པའི་སྐྱིད་སྣང་མངར་མོ
བདེ་ཐབས་ལ་འབད་ནས་སྡུག་བསྔལ་ལ་འབྱར་བའི་མི་བུ་རྒོད་པོ
འཚོལ་སྙེག་ལ་བྲེལ་ཞོར་ལག་སྟོང་ལ་ཤོར་བའི་མི་སེམས་གཉོམ་པོ
མེ་ལ་ཤོར་བའི་རྩྭ་སྐྱ་ནང་བཞིན་ཐལ་བར་འགྱུར་འགྲོ
སྤྲིན་ནག་དང་འབྲུག་སྒྲ་འདེད་པའི་རླུང་བུ་ཇི་བཞིན
རིམ་བཞིན་འགྱུར་ལ གློ་བུར་འགྱུར་བའི་གློག་གི་རྒྱུ་བ་བཙན་པོ
འདྲིས་མ་མྱོང་བའི་གློག་ཆས་ནང་བཞིན་གསལ་ཆ་མེད
༢༠༡༦.༨.༢༠