ཞེ་སྡང་མཚོན་བྱེད་དུ་བུད་ཤིང་བཅག
མེ་བུས
དུ་བ་ལྷོག་ལྷོག་ཏུ་འཕྱུར
ཆུ་ཁོལ་གདུ་རུ་བཅུག
རླངས་པ་ཕྱོགས་ཕྱོགས་སུ་མཆེད
མི་སེམས་ཀྱི་མུན་པ་སྲེག་ཏུ་བཅུག
ཞེ་སྡང་མཚོན་བྱེད་དུ་སྤྲིན་ནག་འཁྲིགས
མགོ་ཐོག་ནས་འབྲུག་གྲགས
གློག་དམར་འཁྱུག་པ་མཐོང
ཐོག་མདའ་བརྒྱབ་པ་ཐོས
ཆར་ཞོད་དྲག་ཏུ་བབས
རི་བོའི་ལྷུ་ཚིགས་ཀྱང་སྐད་ཅིག་ཏུ་འཐོར
ཞེ་སྡང་མཚོན་བྱེད་དུ་གྲོག་མ་འདུར
བུང་བ་འཁོར ཕྱེ་ལེབ་ལྡིང
འབུ་ནག་མའི་ཚོགས
འཆི་ཁའི་ལྷས་མཐའ་ལ་འདུས
ཞེ་སྡང་མཚོན་བྱེད་དུ་ཐ་སྙད་ཀྱི་རལ་གྲི་བརྡར
ལྕགས་ནག་གི་སྙིང་རྩ་ཆོད་པ་ཞིག་བརྡར
རྣམ་ཤེས་ཀྱི་རལ་བ་འབྲེག་ཐུབ་པ་ཞིག་བརྡར
རྡོ་བའི་རྩུབ་རེག་གི་འཇིགས་པ་གཞོམ་དུ་བཅུག
དངོ་ཁ་ཆེམ་ཆེམ་གྱིས
རལ་གྲི་ལ་སེམས་པ་ཐོགས་ཐུབ་པ་ཞིག་བརྡར