ང་རང་ཁྱོད་ཀྱི་གམ་དུ་བཅར་ནས་ག་ཚོད་འགོར་རུང
ཤིན་ཏུ་རྒྱང་ཐག་གིས་ཆོད་པའི་ཕ་ཡུལ་བཞིན
དུས་ཚོད་དང་ལོ་ཟླ་ཡིས་བཅད་པའི་ཁ་སང་བཞིན
ནད་ཀྱིས་གདུང་བའི་མི་སེར་བཞིན
ལོག་གཡེམ་དང་བཙན་འཛུལ་ལ་ཞེད་པ་བཞིན
མི་ཚོགས་འཁྱག་པ་འདིའི་གསེང་ནས
ངོས་ལ་དཀར་རྩི་བསྐུས་པའི་དབུས་མོ་འགའ་ལས
མཐོང་ཡོང་བ་ནི་ཁྱོད་ཧ་ཅང་འཁྱག་པའི་ལོ་ཟླ་ཁོ་ན་ལགས
རྩྭ་འཇག་མས་བསླས་པའི་རྡོ་ཐེམ་རེ་རེས
དབྱར་དགུན་སྟོན་དཔྱིད་བོར་ཡང
སྐུ་མགྲོན་སུ་ཞིག་གིས་དེ་དག་ཚོར་བྱུང་ངམ
རྣམ་ཤེས་ཀྱི་རྩྭ་ཉག་མ་རེ་རེ་ལྟ་བུའི
མེས་པོ་དང་སྤོ་རྨོ་གཉིས་སོང་ཤུལ་ལྟ་བུའི
གྲང་ཅང་ཅང་གི་ས་སྒྱེད་འཁྱག་པ་ལྟ་བུའི
སྒོམ་པ་གཤེགས་ཟིན་གྱི་བྲག་ཕུག་ལྟ་བུའི
ཁྱིམ་བདག་མེད་པའི་རྣོ་ལྕགས་ཀྱི་སྒོ་ཟྭའི་འགྲམ་ནས
ཁྱོད་ལ་འཇག་སྐྱའི་སྨ་ར་སྐྱེས་པ་མཐོང་བ་ལས
ངའི་ལག་པ་རུམ་ལ་བསྡུས་ཏེ་ཁྱོད་ཀྱི་ངོས་སུ
སྐྱེ་དངོས་ཅི་ཞིག་འཚར་བ་ནས་འཐོར་བའི་བར་ཅེར་དགོས་བྱུང་ན
ང་ནི་ཤིན་ཏུ་འཁྱག་པའི་དུས་རབས་ཤིག་ཏུ་སྐྱེས་འདུག་པ་ཚོར་འོང
༢༠༡༦.༡.༡༠ལ་དབུས་ལྷ་ལྡན་དུ་བྲིས།