རྒྱ་མཚོ་དང་གྲུ་ཆུང་། ད་དུང་།

འབྲོང་རུ་དམར།(པེ་ཅིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


གྲུ་ཆུང་ནི་ཆུང་ཆུང་ལྟར་སྣང་ཡང

དོན་གྱིས་གྲུ་གཟིངས་ལས་ཀྱང་ཆེ

 

གལ་ཏེ་ཁྱོད་ཉིད་གྲུ་ཆུང་ལ་བསྡད་ཚེ

ཁ་ལོ་རང་མོས་ཀྱིས་བསྒྱུར་ཆོག་ལ

གང་དུ་འགྲོ་འདོད་ན་དེར་ཕྱིན་ཀྱང་རུང

 

གྲུ་ཆུང་ནི་རང་དབང་ལ་མོས་པས

སོ་སོའི་འདོད་པ་གང་ཡིན་པ་དེར་བསྟུན་ངེས་ཤིང

གྲུ་ཆུང་ལ་བསྡད་པ་ལྟ་བུའི་རང་དབང་ཞིག་ཡེ་ནས་མེད

 

གྲུ་ཆུང་ནི་མི་གཤིས་ཀྱི་མཚོན་རྟགས་དང

དུས་རབས་ཀྱི་གདོང་ཁར་འགྲེང་བའི

ཡིད་དུ་འོང་བའི་སྔོན་བསྐྱོད་པར་གྱུར་གཤིས

རྒྱ་མཚོའི་རྒྱབ་སྐྱོར་མཁོ་ལ

བསིལ་རླུང་གི་རམ་འདེགས་དེ་བས་ཀྱང་མཁོ

 

ཇི་ལྟར་བཤད་ཀྱང  མཐར་དེད་ན

གྲུ་ཆུང་ནི་སྙིང་རྗེ་བའི་གཡོར་གྲུ་ཆུང་ཆུང་ཞིག་ལགས་པས

འབྲུག་སྒྲ་ལྡིར་ཞིང་འཐོར་རླུང་རྒོད་དུས

མཚོ་ངོགས་ཅི་འདྲ་ཡངས་ཀྱང

མཚོ་ལ་གོམས་པའི་མཉན་པ་ཞིག་ངེས་པར་དགོས་འདུག

 

དེ་བས  རྒྱ་མཚོ་ནི་གྲུ་ཆུང་གི་འཇིག་རྟེན་དུ་གྲུབ་ཀྱང

གྲུ་ཆུང་གི་བདག་པོར་ནམ་ཡང་འགྱུར་ཐབས་མེད་དེ

གྲུ་ཆུང་ནི་མཉན་པ་ཁོ་ནར་དབང་བས་རེད

 

ཡིན་ན་ཡང  གྲུ་ཆུང་རྒྱ་མཚོར་བསྐྱོད་པའི་སྣང་བ་དང

རྒྱ་མཚོར་གྲུ་ཆུང་ཞུགས་པའི་དགའ་བ་དེ

རྟེན་འབྱུང་ཆོས་ཉིད་ཟབ་མོ་ལས་བྱུང་བ

བསྐལ་བ་སྟོངས་པར་གྱུར་ཀྱང

སུས་ཀྱང་བསྙོན་འདིང་མི་རིགས་སོ

 

                                   ༢༠༡༧.༧.༥


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1