ལོ་ཟླ་འདི་དག་ལ། ཐག་རིང་ནས་ཁུར་ཡོང་བའི་བསིལ་འཇམ་གྱི་རླུང་བུ་དག་སེམས་པས་བསུས་ལ། ཉེ་འགྲམ་ནས་འཕྱུར་འོངས་པའི་ས་རྡུལ་གྱི་ཡོ་ལང་དག་མིག་ལ་འཚངས་ནས། ཉིན་མཚན་གྱི་གོ་རིམ་ནོར་ཞིང་དཀར་ནག་གི་མགོ་མཇུག་ལྡོག་སྟེ། མིག་གི་སྐྱེད་ཚལ་ནས་སྨིན་བཞིན་པ་དག་དང་སེམས་ཀྱི་ཕྱི་ནང་ལ་འཁོར་གྱིན་པ་དག་གློ་བུར་གློ་བུར་འདྲེས་ནས། ང་ལ་རྨི་ལམ་འཁྲུག་ཏུ་བཅུག
ཚོད་ཚོད་ལ། ངས་སྒེའུ་ཁུང་གི་མཐའ་རུ་ཤར་བའི་ཟླ་བ་མོག་མོག་དེ། སྐར་ཚོགས་ལུག་ཁྱུ་བཞིན་ཞོགས་རྗེས་ཀྱི་འོད་ཉག་ཅིག་ཡིན་པ་དྲན་ན། མི་ལོ་སུམ་ཅུའི་རྒས་གཉེར་ལས་ཟབ་པའི་རྨི་ལམ་གྱི་རི་མོ་མཐའ་དག ནམ་ཞིག་མི་ཡུལ་ལ་མངོན་པའམ་ཅི་ལྟར་མངོན་པའི་ཚུལ་གྱི་འཆར་ཡན་ལ་ཁ་དོག་མི་འདུག
རྨི་ལམ་སྤྲིན་པ་ལྟར་འཁྲིགས་ཤིང་སླར་ཡང་སྤྲིན་པ་བཞིན་འདྲེས་ནས་འོངས་ལ། འཇའ་ཚོན་རྨི་ལམ་བཞིན་ཤར་ཏེ་སླར་ཡང་རྨི་ལམ་གྱི་ཚུལ་གྱིས་ཡལ་བས། ང་ཚོ་འཚོ་བའི་དམིགས་ཡུལ་མཐའ་དག་མིག་གིས་མི་ཟིན་ས་ཞིག་ཏུ་ཡོད་པ་ཤེས་ནའང་། ད་དུང་རྣ་བ་ཅོར་ཅོར་གྱིས། མིག་ཟུང་རིག་རིག་གིས། ངང་སྒུག་གི་གོ་རིམ་ཧྲིལ་བོ་སྔར་བཞིན་འཐུས་ཚང་ཡིན་འདུག
ལོ་ཟླ་འདི་དག་ལ། སྤྲིན་པའི་འཕྱོ་སྟངས་ཤིག་དང་། རླབས་ཀྱི་འཕྱུར་སྟངས་ཤིག་ཁོ་ན། འཚོ་བའི་ཡང་སྙིང་དུ་བསྒོམས་པས། བསྟུད་མར་རྨི་ལམ་འཁྲུག་མགོ་བརྩམས་ལ། མཚན་ནམ་རིང་མོར་སྒེའུ་ཁུང་ལ་ཅེར་ནས་སྐྱ་རེངས་ལ་བསྒུགས་པ་བགྲང་ལས་འདས།
རྨི་ལམ་འཁྲུག་པའི་ལོ་ཟླ། ང་ལ་བརྩེ་དུངས་ཀྱི་བསླུ་བྲིད་ཐེབས་ཤིང་རང་གིས་རང་ཉིད་འཚོལ་འདོད་ཀྱི་ལོ་ཟླ། ཏག་ཏག་ལོ་ཟླ་འདི་ལ། མཚན་མོ་མང་ཞིང་གཉིད་བྲལ།