རང་ཁྱིམ།

སྐལ་རྒྱམ། (མངའ་རིས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


རང་ཁྱིམ་ནི་ང་ཚོ་མི་བུ་རེ་རེ་ལ་ཡོད་པའི་བདེ་སྐྱིད་ཀྱི་ལོག་མལ་དེ་ཡིན་ལ། རང་ཁྱིམ་ནི་རང་རེ་མགོ་ནག་མིས་རང་འགུལ་གྱིས་བསྐྲུན་པའི་ཚང་མལ་ཆུང་ཆུང་དེ་ཡིན་ཏེ།  དེ་ལ་དབུལ་ཕྱུག་གི་ཁྱད་པར་དང་མཚན་སྙན་གྱི་མཐོ་དམའ་ཡོད་སྲིད་མོད།  མི་བུ་རང་ངོས་ནས་བཤད་ན།  རང་ཁྱིམ་ནི་ཆེས་བདེ་སྐྱིད་ལྡན་པའི་གནས་མལ་དྲོན་མོ་དེ་ཡིན་ཏེ།  དེ་རུ་རང་ཉིད་ལ་མིག་ལྟར་གཅེས་པའི་དྲིན་ཅན་གྱི་ཕ་མ་ཡོད་ལ།  ཚེ་གཅིག་གི་སྐྱ་ཡ་ཡོད།  བུ་ཕྲུག་གི་འཛུམ་མདངས་ཀྱང་ཡོད་པས་སོ།།

 

    རང་ཁྱིམ་དྲོན་མོ་དེར་སླེབས་མ་ཐག  ཉིན་གཅིག་གི་ངལ་དུབ་ཡོད་ཚད་སྨུག་སྤྲིན་བཞིན་སྐད་ཅིག་ཏུ་ཡལ་འགྲོ་ལ།  ཉིན་གང་བོར་བྱ་བ་ཙག་ཙིག་གིས་ཁ་ལོ་བསྒྱུར་བའི་རྣམ་ཤེས་ཕྲ་མོ་དེའང་།  རང་ཁྱིམ་ནས་ལྷོད་གཡེང་གིས་ངལ་གསོ་བྱས་ཆོག་ལ།  གན་རྐྱལ་གྱིས་འཕྱི་ཉལ་ཡང་བརྒྱབ་ཆོག་ཨང་།

 

    བྱིས་དུས་སུ་སློབ་གྲྭ་འགྲིམ་དུས།  རང་ཁྱིམ་གྱི་ཨ་མ་དང་ཨ་མས་བཟོས་པའི་བག་ལེབ་དེ་ཤིན་ཏུ་དྲན་ལ།  གཞོན་དུས་སུ་གཞན་ཡུལ་མྱུལ་དུས་ཀྱང་།  རང་ཁྱིམ་གྱི་ཕ་མ་དང་ཕ་མའི་གདོང་གི་གཉེར་མ་དེ་ལྷག་ཏུ་དྲན་པས།   དྲིན་ཆེན་གྱི་ཕ་མ་ནི་རང་ཁྱིམ་གྲུ་བཞིའི་རྟེན་ཕུར་དེ་ཡིན་ལ།  དྲིན་ཆེན་གྱི་ཕ་མ་ནི་གཞིས་བྱེས་གཉིས་ཀྱི་དྲན་ཤིང་དེའང་ཅི་ལ་མིན།

 

    རང་ཁྱིམ་ཆུང་ཆུང་དེའི་བདེ་སྐྱིད་ཀྱི་ཆེད་དུ།  ང་ཚོས་དབྱར་དགུན་སྟོན་དཔྱིད་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱས་མྱོང་ལ།  རང་ཁྱིམ་དྲོན་མོ་དེའི་སྐྱིད་སྡུག་གི་སླད་དུ།  ང་ཚོས་ཉིན་མཚན་དུས་དྲུག་ལ་གཉིད་ཆག་ཟས་བརྗེད་ཀྱིས་འདུར་རྒྱུག་ཀྱང་བྱས་མྱོང་མོད།  འོན་ཀྱང་རང་ཁྱིམ་ནི་རང་ཁྱིམ་རང་ཡིན་པས།  ང་ཚོ་ལ་ནམ་ཡང་འཁང་ར་ཡོད་མི་སྲིད་ལ།  སུན་སྣང་ཡང་གཏན་ནས་སྐྱེས་མྱོང་མེད་དོ།།

 

    ཆུང་དུས་ཀྱི་ཕྱིར་དྲན་མག་མོག་ཏུ།  ཨ་ཅེ་རང་ཁྱིམ་ནས་གནས་ཡུལ་འགྲིམ་དུས།  སྦྲ་ནག་གི་ནང་ཀར་འཐམས་ཏེ་སྐྱོ་གདུང་གི་མིག་ཆུ་འཛད་མེད་དུ་གཏོར་བ་དེ་དྲན་ལ།  བག་རྟ་ཡི་རྔོག་མར་འཇུས་ཏེ་ཞེན་ཆགས་ཀྱི་མིག་ཟུང་གཉོམ་པོ། རང་ཁྱིམ་ལ་ཡང་ཡང་འཁོར་བའི་སྣང་བརྙན་དེ་དྲན་འོང་དུས།  ཁྱིམ་གཞིས་ཆུང་ཆུང་འདིའི་དྲོད་ཁོལ་དང་བརྩེ་འདང་ཡོད་ཚད།  ཨ་ཅེའི་ངུ་སྐད་དང་མིག་ཟུང་ལས་དྭངས་གཙང་གི་ཆུ་མིག་བཞིན་གསལ་འོང་།  ཚོན་མདོག་གི་འཇའ་གུར་བཞིན་མཛེས་ཡོང་།  མུ་མེད་ཀྱི་རྒྱ་མཚོ་བཞིན་ཟབ་འོང་ཨང་།

 

    "རང་ཡུལ་གད་པ་ཡིན་རུང་སྐྱིད"ཅེས་པའི་གཏམ་དཔེ་དེའི་ཡང་སྙིང་ནི། བྱ་བ་དང་ལྟོ་རྒྱབ་ཀྱི་དགོས་དབང་གིས་གཞན་ཡུལ་སྙེག་དུས་སུ་ག་ལེར་རྟོགས་འོང་བ་སྟེ།  ཕ་ཡུལ་དང་ལེ་བར་སྟོང་ཕྲག་གིས་ཆོད་པའི་དབུས་འགྱུར་ལྷ་ས་ནས་ཨ་མདོའི་རང་ཁྱིམ་དེ་ལྷག་ཏུ་དྲན་འོང་ལ།  གཞུང་དོན་ཙག་ཙིག་གིས་ས་མཐའི་མངའ་རིས་ནས་ཡུན་རིང་ལ་སྡོད་དུས་ལྷ་སའི་རང་ཁྱིམ་ཆུང་ཆུང་དེའང་ཤིན་ཏུ་དྲན་འོང་བ་ལ་ཨང་།

 

    རང་ཁྱིམ་གྱི་བདེ་སྐྱིད་ངོ་མ་དེ་ཕ་གར་བཞེངས་པའི་ཀ་བཞི་གདུང་བརྒྱད་ཀྱི་ཤིང་ཁང་དེ་མ་ཡིན་ལ།  རང་ཁྱིམ་གྱི་གཟི་བརྗིད་ངོ་མ་དེའང་མ་གར་བསྒྲིགས་པའི་བརྒྱ་ལོ་རྩེག་མ་དེ་ག་ལ་ཡིན་ཏེ།  བདེ་སྐྱིད་ཀྱི་ཡང་སྙིང་ནི་ཁྱིམ་མི་ཚོའི་ཚེ་རིང་ནད་མེད་ཀྱི་བདེ་ཐང་དེ་ཡིན་ལ།  ལྷད་མེད་ཀྱི་གཟི་བརྗིད་ནི་ནང་མི་ཚོའི་གཅིག་རམ་གཅིག་འདེགས་ཀྱི་མཛའ་བརྩེ་དེ་ག་ལ་མིན་ཨང་།

 

    ཚན་རྩལ་དང་དཔལ་འབྱོར་གྱི་མཐོ་རླབས་འཕྱུར་བའི་རྒྱལ་ཁམས་འགྲིམ་རུང་།  རང་ཁྱིམ་གྱི་བག་ཕེབས་དང་དགའ་སྣང་དེ་རྙེད་དཀའ་ལ།  བཟའ་བཏུང་དང་གླུ་གར་གྱི་མཚོ་མོ་འཁྱིལ་བའི་མཐོ་རིས་མྱུལ་ཡང་།  རང་ཁྱིམ་གྱི་བདེ་སྐྱིད་དང་སྤྲོ་བ་དེ་ཚོར་དཀའ་བས།  རང་ཁྱིམ་ནི་རྣམ་ཤེས་ཀྱི་བག་ཆགས་སྦས་པའི་ས་སྒང་དེ་ཡིན་ལ།  རང་ཁྱིམ་ནི་དགའ་སྐྱོ་ཡི་ས་བོན་བཏབ་པའི་གཤིན་ས་དེའང་ཡིན་ལགས།  རང་ཁྱིམ་ནི་གོམ་འདྲིས་ཀྱི་དབྱངས་རྟ་གྱེར་སའི་དག་ཞིང་དེ་ཡིན་ལ།  རང་ཁྱིམ་ནི་སེམས་ཤུགས་ཀྱི་རྡོ་རིང་བསླངས་སའི་དམིགས་འབེན་དེའང་ག་ལ་མིན་ཨང་།

 

    བྱེའུ་ཚང་གཅིག་ལས་འདབ་ལག་རྒྱས་པའི་བྱེའུ་ཇི་བཞིན།  ཕྱོགས་བཞི་མཚམས་བརྒྱད་ལ་འཕུར་བའི་ཕུ་ནུ་མིང་སྲིང་ཚོ།  དུས་རྒྱུན་ལོ་སར་གྱི་སྔ་ནུབ་ལ།  མ་སྐུལ་རང་འགུལ་གྱིས་རང་ཁྱིམ་དྲོན་མོའི་ཕང་བ་རུ་ལོག་འོང་དུས། གཞིས་བྱེས་གཉིས་ཀྱི་ལྷན་འཛོམས་ཀྱི་འཛུམ་མདངས་དེ་ནི་ཚོན་མདོག་གི་རི་མོ་བཞིན་མཛེས་སོང་།  མཐིང་མདོག་གི་ནམ་མཁའ་བཞིན་དྭངས་སོང་།  རབ་དཀར་གྱི་ཁ་བ་བཞིན་གཙང་སོང་།

 

    མདོར་ན།  རང་ཁྱིམ་ནི་རང་ཉིད་ཀྱི་ངུ་སྐད་ཐོག་མའི་དབྱངས་རྟ་སྤུར་ས་དེ་ཡིན་ལ།  རང་ཁྱིམ་ནི་རང་ཉིད་ཀྱི་མི་ཚེའི་སྡོམ་ཚིག་ས་སྒང་ལ་འགོད་ས་དེའང་ཡིན་པས།  གནས་མལ་ཆུང་ཆུང་འདིར་ང་ཚོས་དགའ་སྐྱོ་ཆགས་སྡང་གི་སྒྲུང་རབས་བསྐྲུན་ཡོད་ལ།  ཡིད་འོང་མཚར་སྡུག་གི་མི་ཚེའང་བསྐྱལ་ཡོད་པས། རང་ཁྱིམ་ན་བརྗེད་དུ་མེད་པའི་སྐྱིད་སྡུག་གི་གཏམ་རྒྱུད་མང་ལ།  རང་ཁྱིམ་ན་དབྲལ་དུ་མེད་པའི་ལྷད་མེད་ཀྱི་བརྩེ་བ་མོད།  རང་ཁྱིམ་ན་ལྡོག་ཏུ་མེད་པའི་ཤ་རུས་ཀྱི་འབྲེལ་ཐག་ཟབ་ལ།  རང་ཁྱིམ་ན་མཐོང་རེག་བྲལ་བའི་གཟུགས་མེད་ཀྱི་དུངས་སེམས་འཁྱིལ་ཡོད་ཨང་།

 

                                   སྤྱི་ལོའི་ཟླ་ཚེས་ལ་སྟོད་མངའ་རིས་ནས་བྲིས།

                                             ༢༠༡༧.༧.༢༥


རྩོམ་ཡིག་སྔོན་མ།
ཞེན་ཆགས།
རྩོམ་ཡིག་རྗེས་མ།
རྨི་ལམ་འཁྲུག་པའི་ལོ་ཟླ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1