འཆི་བ་སླུ་བའི་ས་མཐའི་བློས་བསླངས།------ ཆོས་རྒྱམ་དྲུང་པར་ཕུལ་བ།

ངལ་རྫི། (ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


  ཕྱྭ་ནག་གི་སྡེར་ཆེན 
 ས་གཞིའི་བྲང་ངོས་ལ་ཕབས་པའི
འཆི་བའི་ཕྱག་རྒྱ་དང་གསོན་པོའི་བང་སོ
 ཡི་གེའི་མུན་དོང
 མི་ནག་གི་མགྲིན་པར་འཁྲུངས་པའི  སྒྲུང་གི་བརྡ་ཡིག
 
ཁེར་རྐྱང་གི་དབྱངས་རྟ
 འཁོར་བའི་ནང་རྫོངས་ལ་བཅུག 
 སྲིན་བྱའི་སྐད་དང་འདྲ་བའི་སྒྲ་མི་སྙན་པ་དག
 མཚན་མོ་དང་དྲན་པ་བརྒལ་ཏེ
  རི་རབ་ཀྱི་དཔངས་ལ་མཐོ་འཚམ་པའི
ཕུགས་ལམ་རིང་མོ་ཞིག་གི  སྐྱེ་སྒོར་སླེབས
 
སྣང་བ་དང་མུན་པ་འཁྱུད་ཅིང་འོང
 དུག་གིས་སྨན་ལ་མནར་གཅོད་གཏོང
  བུད་མེད་ཀྱིས་སྐྱེས་པ་ལ
 འདོམས་དང་ལོ་རྒྱུས་ཀྱི་སྨྲེ་ངག་གཏད
 མིག་འོད་དང་སྐྲ་ལོ་དང་མེ་ཤེལ་དང
ལྗང་མྱུག་འབུས་སར
མེ་ཏོག་ལ་རྟོག་པའི་འཛུམ་ཁ་བཞད
 
 དབྱར་དུས་ཤིག་དང་ཆར་ཞོད་ཅིག
 མཚན་རླུང་ཞིག་བསིལ་བསིལ་ངང
 དགའ་མའི་བརྣངས་ཟིན་པའི་གསང་ལམ་བརྒྱུད་དེ
 གྲིབ་མས་བརླན་པའི་ཕུང་ཁམས་བརྟོལ་བཞིན
ཀུ་ཅོ་འཐོར་བའི་གཙང་ངོགས་སུ་རྒྱུག
ཇག་པ་ཞིག་གི་བཏགས་མིང་དང་འཆི་བ་མེད་པའི་སྐྱེ་འབྲས
བུད་མེད་གཞན་ཞིག་དང་དེའི་ཕྲག་དོག་གི་ཕོ་བྲང
བྲག་སྲུབས་ལ་སྦས་པའི་གསེར་གྱི་གཏེར་ཡིག་དང
ཉི་འོད་འགྲམ་ལ་བཞག་པའི་མེ་ཆ
མིང་མེད་ས་ནག་ལྟ་བུའི་མ་མ
ཕྲག་པ་དང་རྩིབ་བར་གང་རུང་ནས་བལྟམས་པའི
ལོ་རྒྱུས་ཤིག  རྣམ་རྟོག་ཅིག
 
རྨི་ལམ་གྱི་ཕྱེད་ཀར་མངོན་སུམ་གྱི་ལྡེའུ་བབས
འཕང་ན་ཕོག་སྲིད་ལ་ཕོག་ན་འཆིའང་སྲིད་པའི
ཉེན་ཁ་ཞིག  མདའ་མོ་ལྟ་བུ
རྩ་བ་དང་རྩེ་མོ་བཅད
རྩ་བ་བཞི་དང་རྩེ་མོ་གཉིས་སུ་བཀས
མདེའུ་དང་སྒྲོ་བཞི་སྒྲོན
 
དམིགས་པའི་ཡུལ་ལ
མངོན་སུམ་གྱི་བརྡ་དང་ཐབས་ཀྱིས་བཅར
ལྟར་སྣང་གི་ཚིག་དང་ཡི་གེས་མི་སླེབས་སྐད
སྐྱེ་བ་ཞིག  འཆི་བ་ཞིག
གླེགས་བམ་ཞིག  ལུང་གིས་མ་ཟིན་པའི་བརྡ་ཡིག་ཅིག
 
དྲན་པར་ལུས་པའི་གས་སྲུབས་ལས
མུན་པ་དང་འོད་སྣང་གང་རུང
སྲེད་པས་གདུང་ཙམ་གདུང་ཙམ་བྱེད་ཅིང
མཐར་ཐུག་ཇག་པའི་གྲི་འོག་ནས་ཤི་བ་བཞིན
གར་སོང་ཆ་མེད་དུ་གྱུར་པའི་གདུང་རྒྱུད་ཅིག  ཞེན་ཆགས་ཤིག
 
ཁྱོད་ཀྱི་སྨྲ་སྒོ་ལས་ཐ་སྙད་ལ་གཞི་དབྱིངས་ཤིག
སྐྱེ་བ་ལ་དོན་ཡོད་འདྲ་བ
འཆི་བ་ལ་དོན་མེད་འདྲ་བ
ཇག་པ་དེའི་སྐྱེ་བ་དེ་ནས་འགག
བུད་མེད་ཚོའི་བརྣངས་སེམས་དེ་རུ་འགག
ཡི་གེ་དང་ཚིག་གི་གཡུལ་ས
དཔུང་མེད་ཕུང་བོའི་གསོག་གསོབ
 
ནག་ཟླར་བཞད་པའི་ཁུ་བྱུག་གི་ལྗང་མདོག
མག་མོག་གི་མནར་གཅོད་ལས་འདས་པའི
དབུགས་རྒྱུའི་སྟ་གོན
སྟག་དོང་ནང་གཉིད་སྟུག་པའི་མདའ་མོ
ལྕུག་མ  ལྕང་ལོ་དང
རུ་སྐོར་གྱི་ཐིག་ལེར་འཛར་བའི  རྨ་མེད་པའི་ནམ་ཟླ
 
ཅི་ཡང་མེད་པའི་མཁའ་རླུང་སྨུག་པ་ལང་ལོང་གིས
ལུག་ཁྱུའི་བར་གསེང་བརྒྱུད་དེ
རྒྱང་རིང་གི་བུད་མེད་ཅིག་གི
སྐེད་སྐབས་ལ་རེག་ཅིང
སླར་ཡང་བུད་མེད་ཅིག་གི
མཚན་མོའི་སྨག་རུམ་ལ་འབྱམས
 
ཕ་རོལ་དང་ཚུ་རོལ་འདྲེས་འདྲེས
གཏམ་རྒྱུད་དང་གཏམ་རྒྱུད་འདྲེས
ཁུ་བ་དཀར་དམར་དང་མེ་ལྕེ་འདྲེས
ལོག་རྟོག་དང་རྣམ་རྟོག་འདྲེས
ཤིག་དང་གླང་ཆེན་གྱི་རྨི་ལྟས་འདྲེས
བདུད་དང་བླ་རྡོ་བཅོམ་པའི་མདའ་གཞུ་འདྲེས
 
ས་དང་གནམ་གྱི་ཁང་བ་དང་ཁང་ཆེན
རི་རབ  རྡུལ་གྱི་ཆོ་འཕྲུལ
མིག་གི་དགའ་སྟོན
སྨྲེང་བ་རྡུང་བའི་སྒྲ་དབྱངས་ཀྱི་ལྷ་མོ
ནགས་ཚལ་དང་ཆུ་ངོགས་སོ་སོར་འགྱེལ་བའི
སིམ་གདུང་བར་མའི
མཛེས་སྡུག་གི་འཕོ་འགྱུར
 
བུང་བའི་དར་ཆ
ཤིང་གི་མིག་ཆུ
སྐྱི་པགས་ཀྱི་ཕྱི་དང་ནང
སྐྱི་པགས་ཀྱི་དུས་རབས་ལ་ཟུག་པའི
དབྱར་གསུམ་གྱི་ཁ་བ་ལྷབ་ལྷུབ
བདེན་གྲུབ་ཀྱི་ཚིག་མཛོད
བདག་གི་རོ་ལངས  གཞན་གྱི་སྙིང་བོ
 
དུག་ནག་འཁོལ་བའི་ནམ་མཁའི་སྐྱ་རེངས
སད་ཀྱི་ལག་གདངས་དང་ས་ནག་གི་རྣམ་སྨིན
སྐྱོ་བའི་ཡལ་གར་འཁྱུད་པའི་སྟོན་ལོ
མིག་མེད་གྲོག་མའི་ཁེར་རྐྱང་གི་སྤྱི་ཚོགས
སྒྲོག་མེད་ཙི་གུའི་མཆོང་ལྡིང
གནམ་གྱི་སྒོ་མོ་དང་ཉི་ཟླའི་ལྕགས་ཟྭ
རྒྱུ་སྐར་དང་རྗེ་འབངས་ཀྱི་བང་སོ་ཐར་ཐོར
 
གཉིད་ཀྱི་ལམ་ཁ་ན་རྒྱུག་པའི
ཁྱི་ནག་མུན་པའི་འཁོར་ལོ
རང་སར་ཞི་བའི་རྟོག་བཏགས་ཀྱི་བུམ་གཟུགས
གོལ་བའི་དུས་ཚིགས་ཀྱི་རང་བཞིན
མཐར་ཐུག་པ  མཐའ་ཡས་པ
 
རྒྱང་ཐག་ཆོད་པའི་ལ་རྩེ་དང
སྨུག་ལོང་ཁྲོད་འཁྲུག་པའི་རྨིག་སྒྲའི་གཙང་པོ
འུར་གྱི་སྣེ་མོར་དཔྱངས་པའི་མཆོད་པ
 
རི་མོའི་རླབས་ཕྲེང་ཀུན་ནས་གཡོས་པའི་འདས་དོན
རིག་པའི་རལ་གྲི་དང་བུད་མེད་གཞན་ཞིག་གི
ཕྲག་དོག་གི་ས་བོན་ལས་བཞད་པའི
དཔག་བསམ་ལྗོན་ཤིང
སྐྱེ་བ་དང་འཇིག་པ
ཀུན་རྫོབ་ཀྱི་ཉ་མོ་ལ་བཏབ་པའི
ལྕགས་ཀྱུ  ཁ་ཤ་ལྷབ་ལྷུབ་ངང
 
མིག་གི་རྒྱ་གྲམ
དཔངས་མཐོ་བའི་བཞད་གད་ཀྱི
འདས་པ་དང་ད་ལྟ
རྫུན་ལ་རྫུན་གྱི་ཁ་ཕོ་ཆེ
གཡོ་ལ་གཡོ་ཡི་གབ་ཙེ་དགུ་འཁོར
རིག་པ་མི་གསལ་བའི་ཆགས་སྡང
རང་སྐྱ་འཕེར་བའི་འཆི་བདག་གི་བཅིབས་པ
 
ལས་ཀྱི་ཞགས་པ
ཉི་འོད་ཀྱི་ལམ་ཁ་ན་འགྲེང་བའི  སྡོང་རྒན
ཡལ་ཀ་ཁྲི་སྟོང་གི་བདག་པོ་དང་གཉེན་ཉེ
བགྲེས་པོའི་རྩེད་ར
གཡམ་རྒྱུག  ངང་སྒུག
སོ་སོའི་ལམ་ཁ
རང་རང་གི་གདམ་ཀ
 
བུད་མེད་དང་མངོན་བརྗོད་ལས་བྱུང་བའི
རླུང་གི་ཕུ་ནུ
ཤེད་མོང་གི་བགྱི་བ་དང
བཏང་སྙོམས
 
བདེ་བ་ལ་བདེ་བའི་རྒྱུ་དང་ལྡན་མིན་གྱི་ཐེ་ཚོམ
དཔྱིད་ཀྱི་ཆགས་སྲེད
དགུན་གྱི་ལང་ཚོ
 
སྤྲིན་གྱི་ཉེས་དམིགས་ཀྱིས
ས་གཞི་ལ་གྲིབ་ཕོག
སྡུག་བསྔལ་བ་ལ་ཟློས་གར་གྱི
རམ་འདེགས་དང་རིགས་རུས་ཀྱི་ཆེ་བ་གླེང
རླབས་ཕྲེང་ལྟར་ཡངས་ཤིང་གཡོ་བ
སྲིད་ན་ཟླ་བྲལ་བ
བརྩེ་བ་ཕྱོགས་ཀྱི་ཆ་མེད
 
ལྡེའུའི་བསྡུས་བརྗོད
མ་སྐྱེས  མ་འགག
བུ་མོའི་པང་ན
ལོག་པར་འགྲེལ་བའི་རྟོགས་བརྗོད་དང
གཉིད་ལས་ཕྱུང་བའི་མནོ་བསམ
རིག་པས་བརྡར་ཤ་བཅད་འོང
 
སྲོག་གི་གཤེད་མར་བབས་པའི་སྐྱེས་སྦྱངས
ཀུར་གུམ་ལྟར་བཞད་པའི་འདུ་བྱེད
སྐྱིད་ལ་སྐྱིད་ཚོད་མི་རྟག
སྡུག་དེ་བུམ་པའི་ཕྱི་ནང
རྒྱང་རིང་ན
འོད་ཀྱི་སྒྲོག་དང་དུངས་པས
སྤྲིན་གྱི་ཆགས་སྲེད་སྒུལ
 
དུས་ཚིགས་ཀྱི་གོམ་ཁ་ཁྱར་ཁྱོར་ངང
ཡུལ་ཕྱོགས་ངེས་མེད་དུ  ལྷབ་ལྷུབ་བསྐྱོད
རི་མགོ་མཐོན་པོའི་བྱ་ཚང
རྒྱ་སྟག་གི་ཐིག་ལེ  ནགས་ཀྱི་རི་མོ
འདི་ཕྱིའི་སྣང་བ་བན་བུན
 
ངག་གི་འཁོར་ལོ་དང་ཚིག་གི་རྩིབས་མ
སོ་སོར་བཞད་པའི་རྨ་ཁའི་འདབ་མ
ལྗོན་ཤིང་གི་ཡལ་གར་འཁྲིལ་བའི
འོད་ཀྱི་རྨུ་ཐག
འོད་ཀྱི་སྐྲ་ལོ
འོད་ཀྱི་དཔྱངས་ཟམ
འོད་ཀྱི་རལ་གྲི
 
ལ་མགོ་མཐོན་པོའི་དར་ལྕོག
རྟོག་གེའི་བློ
རྟོག་མེད་ཀྱི་བློ
མཛེས་པ་སྣང་དང་མཉམ་དུ
གཡུལ་གྱི་རྟ་ཕོ་འདྲོག་འདྲོག
གནས་ལུགས་ཀྱི་རྒྱབ་ལོགས་ན
ངག་གི་རྒྱལ་པོར་དབྱངས་དང་བྲལ
 
རྟ་ནག་བཅིབས་པ
བྱ་ནག་སྒོམ་ཆེན
འདས་པ་དང་མ་འདས་པའི་རྒྱ་མཚོ
ནམ་མཁའི་བང་རིམ་སྙེག་པའི་གཤེར་གཟུགས
མུན་པའི་ཆོ་ངེ་སྐྱོམ་པའི་རྦ་རླབས
གྲུ་ཆུང་རྟ་མགོ་མ་དེ
ས་མཐར་ལུས
 
སྨུག་པའི་ཀློང་ལ་འབྱམས་པའི
ཕྱྭ་ནག་གི་བང་ཆེན
ཁྱོད་མྱུར་ང་མྱུར
རང་སྣང་གང་ཤར་བཀོད་པའི
ས་ནག་གི་སྙིང་ཆུང
བདེན་པས་སྐྱོང་བཞིན
བདེན་པས་རྨས
 
མེ་ཏོག་གི་རྐང་བ
ཁ་བའི་སྙན་འཇེབས
ཆ་བརྒྱད་ནགས་ལ་མི་ཐོགས
གཙང་པོ་བྲག་གི་མཆེད་ཡ
མིའི་སྐྱི་པགས་ཀྱི་སྐྱེད་ཚལ་དུ
རི་དྭགས་ཀྱི་མིག་གོང་མེ་ཡིས་ཚིག
 
ལྷ་མིའི་ཆོ་འཕྲུལ་གྱི་རལ་བ
འཆི་གསོན་གྱིས་སླས་པའི་བཞི་མདོར་སླེབས
སྦྲང་ནག་གི་སྲེད་པའི་དྲ་བ
དུས་ཀྱི་ཕྱེ་རྡུལ  ཐ་སྙད་ཀྱི་མཚོན་ཆ
 
ཁ་ཕྱོགས་ངེས་མེད་དུ་བཏབ་པའི་དུར་ཁྲོད
རི་སྐེད་དུ་ཤྭ་བའི་ཁྱུ་རྡོ་ལ་འཐིམ་ཞིང
རླུང་བུའི་སྨྲ་ལྕེ་ལ་ཐལ་རྡུལ་འཕྱུར་གྱིན
ས་མཐའི་ངལ་བ་བསྟེན
ཆར་དང་ཆུ་ཡིས
བྱ་ནག་གི་གཤོག་པར་མནོ་བསམ་བསྩལ  མི་རྟག་སྦྱིན
 
ལམ་ནི་གང་འདོད་དུ་སྐྱེས་པའི་སྦྲུལ་གྱི
ལྕེ་གཉིས་དང  སྦྲུལ་གྱི་མཇུག་མའམ
ཉི་འོད་ནི་བགྲེས་པོའི་ཕྱག་གི་འཁར་བ་དང
བུད་མེད་ཀྱི་གདུང་བ་འཕྲོག་པའི
གླུ་གར་དང་སྦང་མའི་སྐྱུར་བ
བདེན་མེད་ཀྱི་སྟེགས་བུར་འཁྲབ་པའི
ཆང་མའི་ཕྲག་མགོ་བཞིན་ཉམ་ཐག
 
ཤིང་གི་སྒོ་བྱང
སད་ཀྱི་རྒྱང་སྐྱོད
གསང་བའི་མཎྡལ
གློག་གི་འབྱུང་ཁུངས
ཁུར་མོང་སྟོར་བའི་སྟོན་གྱི་མལ་དུ
སྐྱེས་རབས་མང་པོ་གཏད་པ་མེད་ཅིང
ཧར་རེ་གཤེགས
                                   ཨ་རིའི་གྲོང་ཁྱེར་བྷོ་ཌར་ནས།
                                   ༢༠༡༦.༥


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1