སྙན་ངག་ནི་ཚོར་ཁམས་ཚོར་ཀློང་བསྐྲུན་པ་དེའོ།། ---- སྙན་དེབ《ཤོག་བྱ་ནད་པ》ཡི་ཐོད་བརྒལ་རང་བཞིན་གླེང་བ།

ཨོཾ་འབར། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


གཅིག སྙན་ངག་ནི་ཚོར་བ་སྣ་གཅིག་མངོན་བྱེད་མིན། 

    སློབ་བུ་བསོད་ནམས་ཕུན་ཚོགས་སམ་འབུ་སྡོམ་ལགས་ཀྱི་སྙན་དེབཤོག་བྱ་ནད་པདང་འབྲེལ་ནས་མྱོང་རོལ་གྱི་སྐད་ཆ་ཁ་ཤས་ལབ་ན། 

    སྙན་ངག་ཅེས་པ་ནི་ཕྱིའི་རྗོད་བྱེད་ཀྱི་ཚིག་ལ་མཛེས་པར་འཛིན་པའི་ཆ་དེ་མ་ཡིན་ལ།  མིང་བརྡ་ཐ་སྙད་དག་བརྡ་སྤྲོད་ཆོས་ཉིད་ཀྱི་ཐོབ་ཐང་ལྟར་སྡེབ་སྦྱོར་བྱ་བའི་གཏན་ཚིགས་ལུགས་མཐུན་གྱི་ཆ་དེའང་མ་ཡིན་པར་འདོད།  ཡང་ན་སྙན་ངག་ནི་མིའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་སེམས་བྱུང་རེ་རེས་དེ་ལ་དེ་འཚམ་གྱི་ཕྱི་རོལ་དབང་ལྔ་ལ་མངོན་པའི་ཉམས་སྣང་སྟོན་པའི་ཆིག་རྐྱང་གི་རྣམ་པ་དེ་ཡང་མ་ཡིན་པར་འདོད།  འོ་ན།  སྙན་ངག་ནི་ཅི་ལྟ་བུ་ཡིན་ན་འགྲིག་ཅེ་ན།  དེ་ནི་མིའི་ཚོར་བ་སྐད་ཆ་ཡི་ལམ་ནས་བརྗོད་ཐུབ་པའམ་སྣང་བརྙན་ཅན་དུ་གཏོང་ཐུབ་པའི་སྒྱུ་རྩལ་རིགས་ཤིག་ཏུ་འདོད།  དེར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རེ་རེ་ལ་འཕྲོད་པའི་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་སྣ་གཅིག་རེ་སྟོན་ཅི་ཐུབ་ལ་འབད་པ་ཅན་མ་ཡིན་པར།  དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཙམ་པོ་དེ་ལས་གོང་དུ་འཕགས་རྗེས་ཕྱིར་དེ་དག་ཁ་ཁ་རུ་མི་བལྟ་བར་ཚོར་འདུ་དང་ཚོར་ཚོགས་ཀྱི་གྲུབ་ཆ་རེ་རེར་བལྟས་རྗེས།  ཚོར་རྟོག་དང་ཚོར་འཕྲོ་ལ་གཞི་བཅོལ་ཏེ།  ཚོར་བརྗེ་དང་ཚོར་སྦྲེལ་དང་ཚོར་སྒྲིག་གི་བསྲེས་ཐབས་སྤྱད་དེ་ཚོར་ཀློང་དང་ཚོར་ཁམས་བསྐྲུན་པ་དེའོ།།  དེ་ལ་མངོན་བརྗོད་དང་བརྡ་རྙིང་གིས་མ་བཅིངས་ན་ཆོག་ལ།  ཚིག་རྒྱན་དང་བརྡ་སྤྲོད་ཀྱིས་མ་སྦྲེལ་ཡང་ཆོག  དེ་ལ་ང་ཚོའི་རྒྱུན་སྤྱོད་ཀྱི་ཐ་སྙད་དང་མིང་བརྡ་བསལ་འཚག་གིས་ནང་སེམས་ཀྱི་ཚོར་ཀློང་ཚོར་ཁམས་དང་མཐུན་སྡེབ་བྱ་རྒྱུ་རབ་ཏུ་གལ་ཆེ།  དེ་ལྟར་ན།  སྙན་ངག་པའི་འཚོ་བའི་གོམས་འདྲིས་ཀྱི་འདྲིས་ཚད་རྟོགས་ལ།  ཚོར་སྐྱེན་ཀློང་བརྡོལ་གྱི་རྒོད་གཤིས་མཐོང་ཐུབ།  སེམས་ཁམས་ཕྱིར་མངོན་གྱི་མིང་བརྡའི་སྡེབ་སྦྱོར་རིག་ཐུབ།  ཆབས་ཅིག་ནང་གི་ནང་དོན་དང་འཚམ་པའི་ཕྱིའི་རྣམ་པ་ཡང་རང་བཞིན་ངང་འབྱུང་ཡིན་ངེས་པས།  དེ་ལ་ཐ་སྙད་རྡོ་ཆག་བཙན་སྒྲིག་བྱ་མི་དགོས་ལ།  རྣམ་པ་ཚིག་གི་གཅོད་མཚམས་ལ་ཡང་ཚོད་ཚོད་དོན་མེད་ཀྱི་སྒོ་ནས་ཡར་གཅོད་མར་གཅོད་བྱ་བའི་ཐ་སྙད་བེམ་པོ་སྤུངས་པའི་ཚོགས་སྡེབ་སྤེལ་བའི་ངལ་བ་འཛིན་མི་དགོས་པ་རེད།  དཔེར་ན།  སྙན་དེབཤོག་བྱ་ནད་པཁྲོད་ཀྱི་སྙམ་རྩོམ་འགའ་ལས་དཔེ་རེ་དྲངས་ན། 

    ཀམི་དེ་དགལས།"ཆུ་ཟོ་ལྟར་སྟོང་བར་གྱུར་པའི་ཕ་ཡུལ་གྱི་པར་མིག་དག"

    ཁདམྱལ་བའི་དུས་ཚིགསལས།"གྲུ་གཟིངས་ཀྱིས་དགུན་གྱི་གྲང་ཟེར་བའི་ལྭ་བ་ཞིག  ཉི་གདུགས་ཀྱིས་འཚེམ་པའི་རླུང་འཁྱག་དེའི་ངོ་གདོང"

    གདགུན་ཁའི་ཤི་བལས།"ནམ་ཟླས་ཁྱོད་ཀྱི་ས་རྡུལ་འཐུང་བའི་བདག་གི་གཡུ་སྦྲང"

    ངརྒྱང་ལྟལས།"ས་ཀ་ཅའི་སྒོ་འགྲམ་དུ་ཁཱ་ཧྥུ་ཁཱས་བཞེངས་པའི་མི་ཞིག"

    ཅརྙི"ཀེར་རེར་འགྲེང་བའི་ཁང་ཁྱིམ་གྱི་གཙང་པོའི་འོད་ཁྱིམ"

    ཆའཆི་མེདལས།"མ་འོངས་པ་ནི་སྨུག་པའི་ནང་གི་སྤྲིན་པ་སྦོམ་པོའི་རྣ་སྐྱག་རེད"

    ཇདེང་རབས་སྙན་ངག་གི་སྐྱེལ་མལས།"སྦར་ཚར་བའི་ཤིང་དུམ་གྱི་ཤུབས་ཕྱི་དེ་ཚོའི་ས་ཁྲ"(དེང་རབས་ཕྱི་མ་ལ་བསྙེགས་པའི་ཁྱད་ཆོས)

    ཉསྨྱོ་བར་འགྱུར་བའི་གྱངལས།"མུན་པ་ཟབ་སའི་སྒེའུ་ཁུང་ནི/མེ་ལོང་དུ་ཤར་བའི་འོད་སྣང་འདྲ་བའི་མེ་ལྕེབས་ཀྱི་གཤོག་པ"

    ཏཤི་བོའི་མདོག་འགྱུརལས།"སྙན་ངག་པའི་ལག་ཏུ་ནད་ཀྱིས་བཟུང་བའི་ཡིག་འབྲུ་རེ་རེ//ཤོག་བྱའི་སྟེང་དུ་ངའི་ལྗང་གུ་ཡིན་པའི་ཁྱོད་ཀྱི་བརྩེ་བ་བཞད་ཐུབ་བམ"

    ཐཤི་བོའི་མདོག་འགྱུརལས།"དུར་ཁྲོད་དུ་རླུང་དར་ཁུར་བའི་ཆར་ཟིལ་གྱི་མིག་ཤེལ་ནང་དུ//དར་ལྕོག་ཟད་པོའི་མཐའ་ནི་གྲིབ་མའི་ནང་གི་གཟུགས་བྱད"

 

  གཉིས། སྙན་ངག་ནི་ཚོར་ཁམས་ཚོར་ཀློང་བཞེངས་པའོ།། 

    གོང་གི་ཚིག་འདི་དག་ལ་གྲིམ་ལྷོད་དང་རྐྱོང་སྐུམ་ལྡེམ་ཤུགས་ཀྱིས་ལྟེམས་ཡོད་པ་ནི་ཐ་སྙད་སྔ་ཕྱིའི་སྒྲ་ལྕི་ཡང་གི་སྡེབ་སྦྱོར་གྱི་འཕལ་ཁ་འཕྲོད་མིན་ཙམ་ལས་བྱུང་བ་མ་ཡིན་པར།  ཕྱི་རོལ་ཡུལ་ལ་འབྲེལ་མེད་དུ་གྱུར་པའི་དངོས་པོའི་སྣང་ཚུལ་དང་ཆོས་ཉིད་འགའ་སྙན་ངག་གི་བརྗོད་པའམ་སྒྱུ་རྩལ་གྱི་སྐད་ཆ་ལ་བརྟེན་ནས་གཞི་གཅིག་ཏུ་སྦྲེལ་བས།  མ་གཞིར་ཁ་ཁར་གནས་པའི་ཚོར་བ་གསུམ་དང་བཞི་ལྷན་གཅིག་ཏུ་སྦྱར་བར་གྱུར།  དེ་ལ་ང་ཚོས་བལྟས་མ་ཐག་ཏུ་མག་མོག་རབ་རིབ་དང་ཅི་ཡིན་འདི་ཡིན་མི་ཤེས་པའི་སྣང་བ་སྦྱིན་པ་རེད།  དེ་ནི་སྙན་ངག་ལ་རོལ་མྱོང་བྱ་མཁན་མང་པོ་ཞིག་ལ་མཚོན་ན་ཡ་མཚར་ཅན་དུ་གྱུར་པའི་ཆ་དེ་རུ་ངོས་འཛིན་བྱ་ཆོག་པར་འདོད།  དེར་སྙན་ངག་འདི་ལྟ་བུས་སྦྱིན་པའི་མག་མོག་རབ་རིབ་དང་ཡ་མཚར་ཅན་གྱི་སྣང་ཚུལ་འདི་ནི་དངོས་ཡོད་དངོས་སྣང་གི་བདེན་པ་ལས་སྤྲད་པ་མ་ཡིན་པར།  སྒྱུ་རྩལ་གྱི་བདེན་པའི་ཆ་ནས་སྤྲད་པ་ཞིག་ཡིན་པ་རེད།  དཔེར་ན།  དངོས་ཡོད་སྣང་ཚོད་ལྟར་ན།  གངས་རི་དཀར་པོའི་ཁ་དོག་སེར་པོར་སྣང་བ་ནི་མཁྲིས་ནད་ཅན་གྱི་མིག་ལ་འཆར་བའི་སྣང་ཚུལ་ཡིན་ཞིང་། དེ་རྒྱུན་ལྡན་མ་ཡིན་པར་བལྟས་ཆོག་པ་ནི་དངོས་ཡོད་བདེན་པ་དང་འགལ་བས་སོ།།  རེད་དེ།  སྒྱུ་རྩལ་གྱི་བདེན་པའི་ངོས་ནས་བརྗོད་ན།  དེ་ལྟར་སྣང་ཆོག་པ་ཡིན།  རྒྱུ་མཚན།  སྙན་ངག་པ་ནི་བྱིས་པ་དང་མཚུངས་ཞེས་པས་སོ།།  གལ་ཏེ་བྱིས་པས་གངས་རི་བྲི་བ་ཡིན་ན།  ཁ་དོག་དཀར་པོར་འབྲི་བའི་ངེས་པ་ཁྱོན་ནས་མེད་པར།  ཁ་དོག་སྣ་ལྔ་རུ་བྲི་ཡང་སྲིད།  དེ་ནི་ཕྱི་རོལ་དངོས་སྣང་གཙོ་བོར་བཟུང་བ་མ་ཡིན་པར།  བྱིས་པ་ཁོ་རང་གི་སེམས་འདུན་དྲན་རྟོག་གཞི་བྱེད་པ་དང་།  དེས་བྱིས་པ་ལ་སྤྲོ་སྣང་གཞལ་དུ་མེད་པ་ཞིག་སྦྱིན་ཐུབ་པས་སོ།།  དེ་བས།  སྙན་ངག་པ་ལ་ཡང་བྱིས་པའི་སེམས་ཁམས་ཀྱི་དྲན་རྟོག་དང་མིག་དབང་གི་མཐོང་སྣེ་ལྡན་དགོས་པ་རེད།  འདི་ནི་ཏག་ཏག་སེམས་ཁམས་ཀྱི་དྲན་ཚོར་གཞི་རྩར་བཟུང་བ་དང་སྒྱུ་རྩལ་གྱི་བདེན་པ་ལ་སྙེག་པའི་ཁྱད་ཆོས་ཀྱིས་རེད།  དེ་དང་གཞི་མཐུན་པར་སེམས་ཁམས་དྲན་རྟོག་གི་སྒང་ནས་ཚོར་བ་མང་པོ་གཞི་གཅིག་ཏུ་སྦྲེལ་ཆོག་པས་ཚོར་སྦྲེལ་གྱི་ཆ་དེ་བྱུང་ཞིང་།  ཚོར་བ་ཕན་ཚུན་སྔ་སྣུར་ཕྱི་སྣུར་དང་ཕར་བརྗེ་ཚུར་བརྗེ་བྱ་ཆོག་པའི་ཆ་ནས་ཚོར་བརྗེ་བྱུང་།  ཡང་ཚོར་བ་ཕན་ཚུན་གོ་རིམ་བསྣོར་བའམ་གོང་འོག་ལྡོག་པ།  སྔ་གཞུག་བརྗེ་བ་ནི་ཚོར་བ་བསྐྱར་སྒྲིག་སྟེ་ཚོར་སྒྲིག་ཡིན་པ་རེད།  ཡང་ཚོར་བ་གང་ཉིད་ལུས་ཀྱི་རེག་བྱ་དང་ལྕེའི་མྱོང་བྱ། སྣ་ཡི་སྣོམ་བྱ།  རོ་ཡི་བྲོ་བྱ་སོགས་ཀྱི་གཟུགས་གང་རུང་ལ་སྐབས་བསྟུན་གྱིས་འགྱུར་བ་བྱུང་དང་འབྱུང་དུ་འཇུག་ཆོག་པས་གཟུགས་འགྱུར་གྱི་རྣམ་པ་བྱུང་བ་རེད།  དེ་ལྟར།  ཚོར་སྦྲེལ་དང་ཚོར་བརྗེ།  ཚོར་སྒྲིག  གཟུགས་འགྱུར་སོགས་ཀྱི་མཚོན་ཐབས་ནི་དེང་རབས་རིང་ལུགས་ཀྱི་ཁྱད་ཆོས་སུ་གྱུར་ཡོད་པ་རེད།  མཚོན་ཐབས་འདི་དག་གིས་མིའི་གང་ལ་ཞབས་ཕྱི་བསྒྲུབ་དགོས་པ་ཡིན་ཟེར་ན། མིའི་ཚོར་བ་ལའོ།།  ཡང་ན་སྙན་ངག་ནི་མིའི་ཚོར་བ་གང་ཉིད་སྐད་ཆའི་ལམ་ནས་མཚོན་པར་བྱེད་པ་དེའོ།།  དེ་བཞིན་དུ།  སྙན་ངག་གི་འགན་ཁུར་ནི་མིའི་ཚོར་ཁམས་དང་ཚོར་ཀློང་གང་ཉིད་སྒྱུ་རྩལ་སྐད་ཆའི་ལམ་ནས་སྣང་བརྙན་ཅན་དུ་བསྐྲུན་ཐུབ་པ་དེ་ཡིན་པར་འདོད། 

  གསུམ། སྙན་ངག་ནི་ཚིག་གི་རྨི་ལམ་ལའོ།། 

    སྙན་ངག་ནི་ཚིག་གི་རོལ་རྩེད་མ་ཡིན་པར་ཚིག་གི་རྨི་ལམ་ཡིན་ན་འགྲིག་པར་འདོད།  ཚིག་གི་རོལ་རྩེད་ཅེས་པ་ལས་ད་གཟོད་ཚིག་རྒྱན་ཏེ་ཚིག་ལ་རྒྱན་ཆ་འདོགས་ཅི་ཐུབ་བྱ་བ་དང་།  ཚིག་སྔ་ཕྱིའི་སྒྲ་ལྕི་ཡང་ཙམ་གྱི་སྡེབ་སྦྱོར་ལ་དང་དོད་བྱས་ཏེ་བརྡ་སྤྲོད་ཀྱི་ཆོས་ཉིད་ལ་བསྟུན་ཐབས་བྱ་བ།  ཡང་མིའི་སེམས་ཚོར་གྱི་འགྱུར་བག་ལ་མི་བསྟུན་པར་ཕྱིའི་རྣམ་པ་ལ་གྲུ་བཞི་སྒམ་བཞིའི་ཚིགས་བཅད་བཀོལ་བ་ལྟ་བུའོ།།  འདི་དག་ཐམས་ཅད་ཀྱི་འབྱུང་རྐྱེན་གང་རེད་ཅེ་ན། སྙན་ངག་ནི་ཚིག་གི་རོལ་རྩེད་དེ་ཚིག་སྦྱོར་ཙམ་དང་ཚིག་རྐང་སྒྲིག་པ་ཙམ་ལ་བལྟས་པའི་མངོན་འབྲས་ཡིན་པར་འདོད།  འོ་ན།  སྙན་ངག་ནི་ཅི་ལྟ་བུ་ཞིག་ཡིན་ན་འགྲིག་ཅེ་ན།  སྙན་ངག་ནི་ཚིག་གི་རྨི་ལམ་ལའོ།།  ཚིག་གི་རྨི་ལམ་ནི་ད་གཟོད་སྙན་ངག་པ་དང་སྙན་ངག་གི་སྲོག་ཤིང་ཡིན་ན་འགྲིག་པར་སྙམ་སྟེ།  དེར་རྨི་ལམ་ནི་དངོས་སྣང་མངོན་སུམ་དང་མངོན་སུམ་འབྱུང་ཐུབ་པའི་བདེན་ཆ་མེད་མོད།  དེ་ཙམ་གྱིས་རྨི་ལམ་ལ་དོན་བྱེད་ཀྱི་དོན་སྙིང་ཡོད་མེད་དང་དངོས་ཕན་གྱི་རིན་ཐང་ཡོད་མེད་ལྟར་ཚད་འཇལ་བྱ་བའི་རིན་ཐང་དབྱེ་ཞིབ་བྱ་མི་རུང་།  རྨི་ལམ་ནི་ནམ་ཡང་སུ་དང་གང་ཉིད་ཀྱི་དམིགས་བྱ་གང་རུང་ཞིག་གི་མངོན་འགྱུར་ལ་རེ་བའི་ཕུགས་བསམ་དེ་ཡིན།  དེ་ནི་འཛིན་རྒྱུ་སྙོབ་རྒྱུ་མེད་རུང་གང་ལྟར་མེད་པ་མ་ཡིན།  ཡོད་པ་ཡིན།  དེ་ལ་ཁྱེད་རང་མདུན་ནས་མདུན་དུ་འཁྲིད་པའི"མཐུ་འཕྲུལ"ཡོད་པ་ཡིན། 

    ༡.དེར་སྙན་དེབཤོག་བྱ་ནད་པཧྲིལ་བོ་གནད་ཅིག་ཏུ་དྲིལ་ནས་སྙན་ངག་པས་སྙན་ངག་ཅེས་པ་ནི་ཡང་སྙིང་ག་འདྲ་ཞིག་ལ་ངོས་འཛིན་བཞིན་ཡོད་ཅེ་ན།  སྙན་ངག་ཅེས་པ་ནི།"ངས་སྙན་ངག་འབྲི་བཞིན/སྙན་ངག་གི་གསང་མིག་རེ་རེར་ཚོན་བསྐུས/བདེ་བ་ཅན་གྱི་ཁམས་བསྐྲུན/མི་བསྐྲུན/མིའི་འདོད་པ་བསྐྲུན/ཡིན་ཡང་ད་དུང་ཅི་ཞིག་ཆད་ལྷག་ཤོར་སོང་བ་འདྲ་བའི་སེམས་ཁྲལ་འདུག//ངས་རི་མོར་ལྟ་བཞིན/རི་མོའི་ཚོན་མདོག་རེ་རེ་རྨི་ལམ་དུ་བསྒྱུར་ཅི་ཐུབ་བྱས/ལྷ་དང་འདྲེ་རྣམས་ལ་འཇིགས་སྐུལ་བཟོས/དམྱལ་བ་མཐོང/དམྱལ་བའི་འཕྱོར་སྒེག་མཐོང/དེ་ནས་ཆད་ལྷག་ཤོར་སོང་བ་དེར་སྟོང་ཆ་སྐོང་ཐུབ་མིན་བལྟས//ངས་རོལ་དབྱངས་ཉན་བཞིན/དེའི་དབྱངས་འགྲོས་དག་ཡར་སྣོག་མར་སྣོག་བྱས/ངའི་སེམས་པ་ནང་བཞིན/གོ་ལྡོག་ལྟ་བུའི་སའི་གོ་ལའི་དབྱིབས་གཏོར/ཡིན་ཡང/ང་སྔར་བཞིན་འདང་རྒྱག་གི་ནང་དུ་ལྷུང་ཡོད"(ཐོ་ཡོརལས)ཞེས་སྙན་ངག་འདིའི་ནང་དུ་བསྟན་པ་ཇི་བཞིན་སྙན་ངག་པས་སྙན་ངག་གི་གསང་མིག་རེ་རེར་ཚོན་བསྐུས་ཏེ་མི་ལ་བདེ་བ་ཅན་གྱི་ཁམས་ཤིག་བསྐྲུན་པ་དེའོ།། དེར་བདེ་བ་ཅན་གྱི་ཁམས་བསྐྲུན་པ་ལ་རི་མོ་རྨི་ལམ་དུ་བསྒྱུར་བ་དང་རོལ་དབྱངས་ཡར་སྣོག་མར་སྣོག་བྱ་རྒྱུ་དེའོ།།  དེ་ལྟར་སྙན་ངག་དང་རོལ་དབྱངས་དང་རི་མོ་བཅས་ནི་ཕན་ཚུན་འབྲལ་མེད་གཅིག་ཕུང་དུ་གྱུར་པའི་འཇའ་ཚོན་ལྟ་བུར་བྱེད་དགོས།  དེ་ནི་མཛེས་པའི་མཐར་ཐུག་དང་སྒྱུ་རྩལ་གྱི་བདེན་པའི་རོ་བྲོ།  ཡང་ན་སྙན་ངག་གི་དམིགས་ཡུལ་དང་དམིགས་དགོངས་ཡིན་པར་ངོས་འཛིན་བྱ་ཆོག་པར་འདོད།  གཞན་སྒྱུ་རྩལ་ལ་རིན་ཐང་རྣམ་གཅོད་དེ་བཟང་ངན་དང་དགེ་སྡིག་དང་ལེགས་ཉེས་སྟོན་པ་གཙོ་བོ་མིན་པ་ཇི་བཞིན་དུ་སྙན་ངག་ཀྱང་རིན་ཐང་རྣམ་གཅོད་ཀྱི་དབང་དུ་འགྲོ་མི་རིགས།  དེ་ནི་སྙན་ངག་གི་ནང་དུ་རང་གི་རིན་ཐང་ལྟ་ཚུལ་མངོན་སུམ་དུ་ཡོད་མི་རུང་བ་མ་ཟད།  རྣམ་པ་ཚིག་སྦྱོར་དང་ནང་དོན་སྤྲོ་ལུགས་ཀྱི་ཆ་ནས་ཀྱང་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་རྒོད་པ་དེ་མངོན་མི་རུང་ཟེར་བ་དེའོ།།

    ༢.དེ་བཞིན་དུ་སྙན་དེབ་འདི་ལྟར་ན།  སྙན་ངག་པ་ནི་ཅི་ལྟ་བུ་ཡིན་དགོས་ཤེ་ན།མི་ཧྲེང་དེལས།"བྱེ་ཐང་གྱོན་པ་བྱས་པའི་ལུས་པོ/ཙོག་པུར་མེ་ལོང་དུ་ཉལ་ཏེ/ཨུ་ཚུགས་ཀྱིས་རང་ཉིད་ཀྱི་མལ་ཁྲི་མེ་ལ་བསྒོས་སོང//གྲིབ་མ་མང་པོར་ལག་པས་བསྙབས་ཏེ//རྨི་ལམ་དུ་ཆུང་མར་སྙིང་ཉེ་བའི་མི་དེ/མཚམས་རེར/ཕར་འཁྱོར་ཚུར་འཁྱོར་གྱིས་ངུ་ངག་ཤོར་ཡོང/མི་ཧྲེང་དེ/ཡོད་མེད་ཀྱི་ཟེར་སྒྲོས་མི་རྣམས་ཀྱི་ཁ་ལ་མི་འདུག//སྨག་རུམ་གྱི་སྦུག་ཁང་དུ//འགུལ་གྱིན་པའི་མི་དེ/གཤོག་པ་ཆད་པའི་འབུ་མེ་ལྕེབས་དང་འདྲ་བོ་འདུག//ཚོད་ཚོད་དུ་ནམ་མཁའ་མཐོང་བའི་མི་དེ/ངོ་གདོང་ནས་ས་རྡུལ་འཐོར་ཡོང་ངམ/མི་ཧྲེང་དེ/རྣམ་ཤེས་ཀྱི་རྒྱུད་སྐུད་ཕྲ་མོ/ཁྱོད་རང་ཐག་རིང་གི་ཐག་རིང་ཞིག་ལ་ཡོད་སྲིད//ལག་པ་མེ་འཁྱག་ལ་ལྡེ་བའི་མི་དེ/འཚུབ་གཡུགས་ཤུལ་དུ/ཕྱིར་མི་ལོག་པའི་ལམ་དུ་བགྲོད་དམ/མཚམས་རེར/ཁྱོད་ཀྱིས་མི་ཧྲེང་དེ་གྲིབ་མ་ལ་སྣང་འགྲོ"

    ༣.ཆབས་ཅིག  སྙན་ངག་གང་དེ་ཀློག་པ་པོའམ་རོལ་མྱོང་མཁན་དང་འཕྲད་པའི་ལས་དབང་ནི།"མི་ཚོགས་ཀྱིས་ཁཱ་ཧྥུ་ཁཱ་ངོ་མི་ཤེས/དགེ་རྒན་དུ་རློམ་པའི་རྔོན་པ་དེ་ཚོས་ཀྱང་མིང་མི་ཟིན"

    སྙན་དེབ་འདིར།  ཐ་སྙད་དག་ནི་སྤྱིར་བཏང་བརྡ་སྤྲོད་སྐད་ཆའི་ཆོས་ཉིད་ལྟར་གྱི་དངོས་པོ་ཞིག་སྟོན་པའི་མིང་གི་བརྡ་ཙམ་དུ་མི་འགྲོ་བ་རེད།  ཡང་ན།  ཐ་སྙད་ཇི་སྙེད་ཅིག་ཐ་སྙད་ཙམ་གྱི་གོ་འགྲེལ་བྱ་མི་རུང་བར་དེའི་སྣང་བརྙན་གྱི་ངོ་ལ་འཕར་དགོས།  རྒྱུ་མཚན།  སྙན་ངག་ནི་སྒྱུ་རྩལ་ཡིན་པས།  སྙན་ངག་གི་ཐ་སྙད་སྡེབ་སྦྱོར་ལ་སྒྱུ་རྩལ་སྐད་ཆའི་ཁྱད་ཆོས་གཞིར་འཛིན་དགོས།  དེར་སྐད་ཆ་དང་ཐ་སྙད་སྡེབ་སྦྱོར་ནི་སྐད་ཡིག་གི་བརྡ་སྤྲོད་ཆོས་ཉིད་ལ་མི་བསྟུན་ཞེས་པ་དེའོ།།  འདི་ནི་སྙན་ངག་གི་བདེན་པའམ་སྒྱུ་རྩལ་གྱི་བདེན་པ་ཧ་གོ་མིན་ལ་འབྲེལ་བ་ཡོད།  དེ་ཧ་གོ་ན།  བརྡ་སྤྲོད་ཀྱི་སྐད་ཆའི་ཆོས་ཉིད་དང་སྒྱུ་རྩལ་གྱི་སྐད་ཆའི་ཁྱད་ཆོས་ལ་ཁྱད་པར་ཡོད་པ་ལ་ངེས་ཤེས་འདྲོངས་སྲིད། 

    མདོར་ན།  འབུ་སྡོམ་ལགས་ཀྱི་སྙན་དེབཤོག་བྱ་ནད་པཞེས་པ་ནི་བོད་ཀྱི་སྙན་སྟེགས་ཁྲོད་ཀྱི་ཐོད་བརྒལ་ཞིག་ཏུ་འདོད་ཅིང་།  བོད་ཡིག་གིས་སྙན་ངག་རྣལ་མའམ་གཤའ་མའི་རང་མདངས་མངོན་འདུག་ལ།  བོད་ཀྱི་སྙན་ངག་གི་འཕེལ་རིམ་དེ་མཐོ་ཚད་གསར་བ་ཞིག་ཏུ་བསྐྱལ་འདུག་པར་ཡང་འདོད་དོ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1