ཁྲི་སེམས་དཔའ། བདེ་མོ།
སྒྲེན་པོ། བདེ་མོ་ཡིན།
ཁྲི་སེམས་དཔའ། རང་གི་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་མདོར་ཙམ་གླེང་རོགས།
སྒྲེན་པོ། ང་ནི་རེབ་གོང་འཕྲང་ཡར་ནང་བཙན་མོ་ཞང་སྟག་ཡན་སྡེ་བ་ཞེས་པའི་རོང་མ་འབྲོག་གི་ས་ཆ་དམིགས་བསལ་བ་ཞིག་ནས་འཚར་ལོངས་བྱུང་། ཆུང་དུས་ནས་ཞིང་ཕྱུགས་ལས་རིགས་གཉིས་ཀྱི་འཚོ་བའི་རྨང་མཐུག་ས་དང་རོང་མ་འབྲོག་གི་སྐད་ཆའི་ཐོན་ཁུངས་འཛོམས་ས། རྫོང་མཁར་དང་ཁ་ཐག་ཅུང་རིང་ས། འགྲིམ་འགྲུལ་སྟབས་བདེ་བོ་མེད་ས། ལུང་བ་ཁ་རུབ་གཞན་གྱིས་དོ་སྣང་ཡེ་མི་བྱེད་ས་ཞིག་ནས་འཚོ་བ་རོལ་ཏེ་ཡུན་རིང་ཕྱིན་སྟབས། ལྟོས་བཅས་ཀྱིས་བཤད་ན་ང་ལ་སྐད་རིགས་གཞན་པ་རང་གི་འཚོ་བའི་ཁྱབ་ཁོངས་སུ་སིམ་འདྲེས་བྱེད་སའི་བརྒྱུད་ལམ་གདོད་ནས་ཁེགས་ཡོད་པར་བརྟེན། སྐད་རིགས་གཞན་གྱི་ལྷད་ཞུགས་ཚད་ཉུང་ཞེས་བཤད་ཆོག དེའི་ཁར་འཚོ་བ་དངོས་རྨང་གདན་བྱས་ཏེ་བྱུང་བའི་བོད་སྐད་ཀྱི་སྲོག་དབང་མ་འགགས་པ་སྤྲིས་མ་ལྟ་བུར་ཇི་འདོད་མྱངས་ཞིང་སྤྱོད་པའི་བགོ་སྐལ་ལྡན་པ་ནི། ང་རང་སྙན་ངག་འབྲི་མཁན་ཞིག་ལ་མཚོན་ནས་བཤད་ན་ཕྱི་རྐྱེན་ངང་གིས་ཚང་བའི་རྟེན་འབྲེལ་དུ་བརྩིས་ཆོག དེ་ནི་ང་རང་སྙན་ངག་གསར་རྩོམ་པ་ཞིག་ལ་མཚོན་ན་གསར་རྩོམ་གྱི་ཕྱི་རྐྱེན་ལྟ་བུ་ཡིན།
མཐོ་འབྲིང་གི་དུས་སྐབས་ནི་ང་ལ་མཚོན་ན་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་ཐོག་མར་ངོས་འཛིན་བྱས་ཆོག་སྟེ། མཐོ་འབྲིང་གི་སྐབས་སུ་ང་རང་ངའི་དགའ་ཕྱོགས་ལ་སྐྱོར་མ་འདེགས་མཁན་གྱི་བོད་ཡིག་འཛིན་བདག་དགེ་རྒན་ལེགས་པོ་ཞིག་ལ་ལས་ཀྱིས་འཕྲད་དེ། ངའི་འཆར་སྣང་གིས་ཕྱུག་པའི་དད་མོས་ལ་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་བྱེད་ནུས་མི་དམན་པ་བཏོན་མྱོང་། དགེ་རྒན་ཁོང་གི་མཚན་ལ་གཡུང་དྲུང་ཐར་ཟེར་ཞིང་། ཁོང་གིས་དེང་སྐབས་རེབ་གོང་རྫོང་མི་རིགས་སློབ་འབྲིང་དུ་ཕྱག་ལས་གནང་མུས་ཡིན། སྐབས་དེར་ང་ཚོའི་འཛིན་གྲྭའི་ནང་ན་བོད་ཡིག་གི་ཡིག་ཚད་གཟེངས་ཐོན་ཅན་མང་པོ་ཡོད་ཅིང་། གངས་རྒྱན་མེ་ཏོག་གི་མེ་སོན་ལེ་ཚན་དང་གངས་རྒྱན་ན་ཆུང་ཚགས་པར། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་བཅས་ཀྱི་སྟེང་དུ་ཚིགས་བཅད་དང་ལྷུག་རྩོམ། རང་མོས་བཅས་རེ་ཟུང་འགོད་མཁན་གྱི་སློབ་གྲོགས་རྩོམ་དགའ་མང་པོ་ཞིག་ཡོད། སློབ་གྲོགས་སུས་རང་གི་རྩོམ་ཡིག་གོང་འཁོད་དུས་དེབ་དང་ཚགས་ཤོག་སྟེང་བཀོད་དེ་རྩོམ་ཡོན་འབྱོར་ན། འབྲི་མཁན་གྱིས་ཅིས་ཀྱང་རྩོམ་ཡོན་ཉུང་ཤས་ལས་སྒོར་རྡོག་འགའ་ཟུར་དུ་བཏོན་ནས་ཀ་ར་ཤོག་ཐུམ་གང་ཉོས་ཏེ་འཛིན་བདག་གི་ལག་ཏུ་བཞག་པ་ན། འཛིན་བདག་གཡུང་དྲུང་ཐར་གྱིས་ཀ་ར་རྡོག་གཅིག་རེ་གཅིག་རེ་སློབ་གྲོགས་ཡོངས་ལ་བགོས་རྗེས། ཀ་ར་ཨེ་ཞིམ་གི་ཞེས་འདྲི་ངེས་ཤིང་། སློབ་གྲོགས་ཚོས་ཕྱིར་ཀ་ར་ཞིམ་གི་ཡ་ཞེས་ལན་ཕྱིན་པ་ན། རྒན་ལགས་ཀྱིས་ཕྱིར་འོ་ན་ཁྱོད་ཚོས་རང་གི་རྩོམ་རྩལ་ལ་བརྟེན་ནས་ཀ་ར་བཟའ་མི་འདོད་དམ་ཞེས་ངར་ལྡུད་ངེས་ཡིན། སྐབས་དེར་ང་རང་བོད་ཡིག་གི་རྨང་གཞི་བཟང་བོའི་གྲས་མིན་ནའང་། སེམས་ལ་གང་ཤར་ཡི་གེའི་ལམ་ནས་མཚོན་པར་རང་བཞིན་གྱིས་མོས་པར་བརྟེན། ཚིགས་བཅད་རིང་ཐུང་ཅི་རིགས་དང་རང་མོས་སྙན་ངག་ཡིན་ནོ་ལོ་མང་པོ། སྙན་ངག་མེ་ལོང་མའི་དཔེ་རྒྱན་དང་གཟུགས་རྒྱན་དཔེ་ཁྲིད་བྱས་རྗེས་དཔེ་བརྗོད་འཇོག་རྒྱུ་ལས་བྱར་བཞག་པ་མང་པོ་བྲིས་ནས་དགེ་རྒན་ལ་བསྟན་ན། རྒན་ལགས་ཀྱིས་ལྕགས་སྨྱུག་དམར་པོས་ཡིག་ནོར་རེ་རེ་བཞིན་བཅོས་ནས། རྩོམ་རེ་རེའི་མཇུག་ཏུ་མཐའ་སྡོམ་ཐུང་ངུ་ཞིག་འགོད་ངེས་པར་མ་ཟད། ལན་རེར་བཅོས་རྩོམ་ལག་ཏུ་འཁྱེར་ཏེ་ངའི་གམ་དུ་ཡོང་ནས་སྙན་ངག་བྲིས་ན་འཆར་སྣང་ཕུན་སུམ་ཚོགས་པ་ཡོད་ཚུལ་དང་བོད་ཡིག་གི་ཚིག་རྩལ་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བཞིན་ཡོད་ཚུལ་སོགས་ལབ་ནས་སྐུལ་མ་བཏང་བར་བརྟེན། དགེ་རྒན་ཁོང་ནི་ངའི་དགའ་ཕྱོགས་ལ་གཤོག་ཟུང་བསྩོལ་མཁན་ཡིན་ཞེས་བཤད་ཆོག དེ་ནི་ང་རང་སྙན་ངག་ལ་འཇུག་པའི་ནང་གི་མཐུན་རྐྱེན་གཙོ་བོ་ཞིག་ཡིན། དེའི་རྗེས་སློབ་ཆེན་གྱི་སྐབས་སུ་བོད་ཀྱི་དེང་རབས་རྩོམ་རིག་དཔྱད་འཇོག་པ་རྒན་བདུད་ལྷ་རྒྱལ་ལགས་ཀྱི་རྩོམ་རིག་གསར་རྩོམ་སྐོར་དང་འབྲེལ་བའི་སློབ་ཁྲིད་དང་སློབ་སྟོན་གང་མང་ཐོབ་པའི་སྐལ་བ་ལྡན་ཞིང་། དགེ་རྒན་ཁོང་གིས་རྩོམ་རིག་དང་ཁྱད་དོན་སྙན་ངག་གི་སྐོར་ནས་ང་ལ་བློ་སྒོ་མང་དུ་ཕྱེས་ཏེ། རྒྱ་ཡིག་གི་ལམ་ནས་བརྩམས་པའི་རྩོམ་རིག་གཞུང་ལུགས་དང་མཐའ་དཔྱོད། མྱོང་དཔྱད་ལྟ་བུའི་དཔེ་དེབ་ངོ་སྤྲོད་བྱས་པ་དེས། ངའི་སྙན་ངག་གསར་རྩོམ་ལ་གཞུང་ལུགས་ཀྱི་སྐྱོར་མ་ཡོད་པར་གྱུར། དེ་མིན་ད་དུང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔའ་རྩེ་ལགས་དང་དགེ་སློབ་ཀྱི་འབྲེལ་བ་ནས་བློས་ཐུབ་གྲོགས་པོ་ལྟ་བུར་གྱུར་རྗེས། ཁོང་གིས་དུས་ངེས་མེད་དུ་ངའི་གསར་རྩོམ་ལ་དགོངས་འཆར་ལྷུག་བསྩོལ་གནང་། ངའི་སློབ་ཆེན་ནི་དྲ་སྟེང་གི་རྩོམ་ཡིག་ཤིན་ཏུ་དར་ཆེ་བའི་དུས་སྐབས་ཤིག་ལ་འཁེལ་ཡོད་ཅིང་། ད་ལྟའང་དྲན་སོས་པ་ཞིག་ནི། ཉིན་ཞིག་དགེ་རྒན་དཔའ་རྩེ་ལགས་ཀྱིས་ང་རང་ཁོའི་ཟུར་དུ་བོས་ཏེ། ངས་བྲིས་པའི་དྲ་རྩོམ་ཞིག་དཔར་རྗེས་ཡིག་ནོར་རྣམས་དག་བཅོས་བྱས་ཡོད་པར་མ་ཟད། ཚིག་དང་ཐ་སྙད་ཁ་ཤས་འདི་ལྟར་བརྗེ་སྤོར་བྱས་ན་ལེགས་ཚུལ་གྱི་དགོངས་གཞི་བཏོན་པ་དེ་རེད། སྐབས་དེར་ནུབ་བྱང་མི་རིགས་སློབ་ཆེན་གྱི་གངས་ཀྱི་རོལ་དབྱངས་སྙན་ངག་གྱེར་འདོན་དང་སྙན་ངག་ཚགས་པར་ནི་ང་ལ་མཚོན་ན་རིག་པའི་རྩལ་རྒྱ་འདོན་སའི་གར་སྟེགས་ཆེན་པོ་ཞིག་ཡིན། དགེ་རྒན་བདུད་ལྷ་རྒྱལ་དང་དཔའ་རྩེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐབས་དེའི་རྩོམ་རིག་གི་མཁའ་དབུགས་གཙང་སིང་བཅས་ནི་ང་རང་རྩོམ་རིག་ལ་འཇུག་བྱེད་ཀྱི་ནང་རྐྱེན་གཉིས་པ་ཡིན།
ཁྲི་སེམས་དཔའ། སྙན་ངག་ཟེར་བར་གོ་བ་ཇི་ལྟར་ལེན་བཞིན་ཡོད།
སྒྲེན་པོ། ང་ལ་མཚོན་ན་སྙན་ངག་སྐོར་ནས་དྲན་རྟོག་ཐོར་ཙམ་བྱོ་རྒྱུ་ཡང་ཧ་ཅང་ཁག་པའི་གནས་ཤིག་རེད། བསམ་གཞིག་གནད་ཐིངས་བྱས་ན་རང་ཉིད་ལ་ཁག་མི་འདུག་སྙམ་པ་རེ་སྐྱེས་འོངས། རྒྱུ་མཚན་ཤིན་ཏུ་ནས་སླ་སྟེ། རྩོམ་རིག་ལ་ཐོག་དང་མཐའ་མེད། སྙན་ངག་ལ་ཤེས་པ་ལས་གཞན་ཚོར་བ་ཟེར་བའི་རྣམ་ཤེས་ལ་སྐྱོམས་འདར་སློང་བྱེད་ཀྱི། བླ་སྲོག་འཐོམ་སྤྲིད་གཏང་བྱེད་ཀྱི་ནམ་མཁའ་གཞན་ཞིག་ཡོད་པས་རེད། སྤྱིར་ན་སྙན་ངག་སྙན་ངག་ཡིན་བྱེད་ནི་ཚོར་བ་ཡིན་པ་བསྙོན་མེད་ཡིན་མོད། སྙན་ངག་ཐམས་ཅད་ཚོར་སྣང་དབང་བཙན་པོར་བྱས་ཏེ་གྲུབ་པའི་ངེས་པ་གཏན་ནས་མེད་སྙམ། སྙན་ངག་ཚོར་བས་ཁྱོགས་མིན་དེ་ཡང་མཐར་དེད་ན་སྙན་ངག་རྩོམ་པའི་སྐབས་ཀྱི་སེམས་ཁམས་གདམ་གསེས་ལ་འབྲེལ་བ་ངེས་ཅན་ཡོད། སྙན་ངག་པ་ཁ་ཤས་ཀྱིས་ཐ་སྙད་ཀྱི་སྡེབ་སྦྱོར་དང་ཚིག་གི་གྲུབ་གྲོལ། དུམ་ཚན་གྱི་བརྗེ་སྤོར། ཁ་བྱང་དང་གཞུང་དངོས་ཀྱི་མཐུན་མཇུག་གཙོས་སྒྲིག་གཞིའི་རྒྱུ་ཆར་གདམས་གསེས་དང་འདོར་ལེན་ཀྱི་རྣམ་པས་ཀློག་པ་པོར་མགུ་བ་བསྐྱེད་ཀྱིན་ཡོད་ལ། ཡང་སྙན་ངག་པ་ཁ་ཤས་ཀྱིས་བསམ་བློའི་རྣོ་དབལ་དང་ཚོར་བའི་མེ་ལྕེ། དབྱངས་འགྲོས་ཀྱི་འཕྱོ་འཇགས། བརྩེ་དུངས་ཀྱི་ངུ་ཤུམ་བཅས་དབང་བཙན་པོར་བསྐྱེད་ནས་མིའི་ནང་སེམས་ཀྱི་ཚོས་གཞིའི་ངོར་དགའ་སྐྱོ་ཆགས་སྡང་གི་རི་མོ་འབྲི་བཞིན་ཡོད། སྙན་ངག་ནི་སྐད་ཆ་བཤད་སྟངས་ཤིག་ཡིན་ཞེས་ལབ་དོན་ཡང་དེར་ཐུག་ཡོད། དེ་བས་ངས་བསམ་ན་སྙན་ངག་ནི་སྐད་ཆ་ནས་མགོ་བརྩམས་ཏེ་ཕྱིར་སྐད་ཆའི་སྟེང་དུ་འཕོ་དགོས་པའི་ངག་གི་རོལ་རྩེད་ཅིག་ཏུ་འདོད། ངས་འདིར་དམིགས་བཙུགས་ཏེ་གླེང་བཞིན་པའི་སྐད་ཆ་ནི་ཡི་གེ་རྐྱང་བའི་བརྡ་རྟགས་ཙམ་དང་མིའི་ཁ་ནས་བྱུང་རྒྱལ་ཐོན་པའི་སྐད་ཆར་གོ་ན་མི་འགྲིག དེ་ནི་བསལ་བསེད་འདོར་ལེན་བྱས་ཏེ་བྱུང་བའི་ངག་གི་སྤྲིས་མ་ལྟ་བུ་དང་བརྡ་སྤྲོད་ཀྱི་ཚགས་ལ་བརྒྱབ་ནས་ཐོན་པའི་གཏན་ཚིགས་ཀྱི་སྐད་ཆ་ཞིག་ཡིན་དགོས། སྐད་ཆའི་ལྡེམ་དགོངས་ལ་དབང་འབྱོར་བ་ཡིན་ན་གཞི་ནས་ཐ་སྙད་ཀྱི་ཁུད་དུ་བསམ་བློ་དང་བརྗོད་སྙིང་སོགས་ཚང་མ་རང་ཆས་སུ་གཅུད་ཡོད་འདོད།
ཁྲི་སེམས་དཔའ། ཁྱེད་ཀྱིས་བལྟས་ན་མིག་སྔའི་རང་རེའི་སྙན་ངག་གི་གནས་བབ་དེ་ག་འདྲ་ཞིག་རེད།
སྒྲེན་པོ། དེང་གི་བོད་ཀྱི་སྙན་ངག་ལ་རང་གྲོལ་དང་འཇུ་སྐལ་བཟང་། ལྗང་བུ་བཅས་ཀྱི་རབས་དེ་ལ་མངའ་བའི་སྡེབ་ལེགས་ཚིག་གི་སྦྱོར་ཉམས་མེད་ཅིང་། ཚངས་མགུར་ནང་བཞིན་སྙན་ངག་གི་ཚོར་སྣང་ངོམས་མེད་དུ་གཞིབ་རྒྱུ་ཡང་མེད་པར། སྙན་ངག་རིང་ཐུང་ཅི་རིགས་པོ་ཧ་ལམ་ཆུ་ཚད་འདྲ་མཚུངས་ཙམ་གྱི་སར་གནས་འདུག གོང་ནས་ཀྱང་ཟུར་ཙམ་གླེང་བ་ནང་བཞིན། སྙན་ངག་ཡག་མིན་དེ་གཙོ་བོ་ཕྱིའི་སྒྲིག་གཞིའི་ཆ་དང་ནང་གི་རྟོག་སྣང་ངམ་ལྗིད་ཁོག་གི་ཆ་གཉིས་ནས་བལྟ་དགོས། ཕྱིའི་སྒྲིག་གཞི་གཙིགས་ཆེར་འཛིན་མཁན་གྱིས་ཚིག་གི་རོལ་རྩེད་ལ་བརྟེན་ཏེ་སྙན་ངག་གི་རྣམ་པ་འཆོར་ཉམས་ཅན་དུ་བསྒྱུར་ནས་ཀློག་མཁན་ལ་གསར་བ་གསར་རྐྱང་གི་ཚོར་སྣང་ཤིག་སྟོབ་ཀྱིན་ཡོད་པ་དང་། ནང་གི་རྟོག་སྣང་ངམ་ལྗིད་ཁོག་གི་ཆར་དང་དོད་བྱེད་མཁན་ལ་མཚོན་ན་མཚན་ཉིད་རིག་པ་དང་ཆོས་ལུགས་གཙོས་ལྟ་བ་ཚད་མཐོན་པོ་ཞིག་ལ་བརྟེན་ནས་སྙན་ངག་གི་ནང་ཁོག་བརྟས་པར་བྱས་ཡོད། ངས་བསམ་ན་དེང་གི་རང་རེའི་སྙན་ངག་གིས་གནད་འདི་གཉིས་ཀའི་ལམ་བུ་གང་ཡིན་རུང་ཆེ་ཙམ་བསྐྱེད་ཐུབ་ཀྱིན་མེད་པར་འདོད། ལྷག་དོན་རྣམ་པ་གསར་བ་དང་ནང་དོན་ལྗིད་ཁོག་ཅན་བརྩམས་ཆོས་གཅིག་གི་སྟེང་ནས་གའུ་ཁ་སྦྱོར་ལྟ་བུ་ཐོན་པ་སྲིད་མཐའ་ཙམ། མདོར་ན་དེང་གི་བོད་པའི་སྙན་ངག་གིས་སྙན་ངག་གི་རྣམ་པ་དང་ནང་དོན་གཉིས་ཆར་འགྱུར་བ་ཆེན་པོ་གཏོང་མ་ནུས་པར་སོ་ན་གནས་འདུག་སྣང་སྟེར། འདིའི་གནད་གང་ལ་ཐུག་སོང་བ་རེད་ཟེར་ན། ངས་བསམ་ན་གནད་གཉིས་ཀྱི་ཆ་ནས་སྡོམ་བཀོད་ཆོག་པ་འདྲ་སྟེ། གཅིག་ནི་བོད་སྐད་དང་བོད་ཡིག་གི་གདངས་མ་ནོར་བ་དེ་རང་རྒྱུད་ལ་ལེན་ཐུབ་ཀྱིན་མེད་པ་དང་། གཉིས་ནས་སྙན་ངག་པ་ཚོའི་རྩོམ་རིག་གི་བློ་སྦྱོང་ཞན་པའི་རྐྱེན་རེད་འདོད།
ཁྲི་སེམས་དཔའ། ཁྱེད་རང་གིས་སྙན་ངག་གསར་རྩོམ་བྱེད་དུས་དམིགས་བསལ་གྱི་ཁོར་ཡུག་འདྲ་དགོས་སམ།
སྒྲེན་པོ། ནུབ་གླིང་དང་རྒྱ་ནག་གི་སྙན་ངག་པའི་གསར་རྩོམ་མྱོང་བཤད་ལྟ་བུར་བལྟས་ན། ཆང་དང་ཁོ་ཧྥེ་བསྟེན་ནས་སྙན་ངག་གསར་རྩོམ་བྱེད་མཁན་དང་། གནས་དབེན་པ་དང་འདུ་འཛི་ཆེ་ས་ནས་བསྡད་དེ་སྙན་ངག་གསར་རྩོམ་གནང་མཁན་ཡོད་ཅིང་། བཤད་རྒྱུན་ལ་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་དཔལ་རང་གྲོལ་མཆོག་ལ་མཚོན་ནས་བཤད་ཀྱང་། ཆང་རག་བསྟེན་ནས་སྙན་ངག་རྩོམ་སྲོལ་ཡོད་ཚུལ་ཐོས་མྱོང་། ང་རང་ལ་མཚོན་ན་གསར་རྩོམ་བྱེད་སྐབས་ཕྱིའི་ཁོར་ཡུག་ལ་འབྲེལ་བ་དེ་འདྲ་ཆེན་པོ་ཞིག་མེད་པ་
འདྲ། གཙོ་བོ་ཙབ་ཙུབ་ཀྱི་ཞེ་བློ་གུད་དུ་བོར་ནས་ནང་སེམས་ཞི་འཇགས་སུ་སོང་རྗེས། རོལ་དབྱངས་ཤིག་ལ་ཉན་ཞོར་སྙན་ངག་བྲིས་ན་ཚོར་བ་ངང་གིས་འཁོར་ཡོང་། སེམས་ཞི་འཇགས་ཡོང་མ་ཐུབ་པའི་སྔ་རོལ་དུ་གསར་རྩོམ་གནང་ཐུབ་པ་མི་འདུག ང་ལ་མཚོན་ན་ཕྱི་རོལ་གྱི་ཁོར་ཡུག་ལས་ནང་སེམས་ཀྱི་ཞི་འཇགས་གཙོ་བོ་རེད་འདོད། རོལ་དབྱངས་ནི་ངའི་སྙན་ངག་གསར་རྩོམ་ལ་མེད་དུ་མི་རུང་བའི་མཁའ་དབུགས་ལྟ་བུ་ཡིན། རོལ་དབྱངས་ལ་ཉན་ནས་སྙན་ངག་བརྩམས་ན། གྲུབ་པའི་སྙན་ངག་དེར་རོལ་དབྱངས་ཀྱི་འདེགས་འཇོག་དང་དབྱངས་འགྲོས་ཀྱི་ཆོས་ཉིད་དམིགས་བསལ་བ་ཞིག་ལྡན་སྣང་སྟེར། བདེན་མིན་མི་ཤེས།
ཁྲི་སེམས་དཔའ། ཁྱེད་ཀྱི་སྙན་ངག་འབྲི་བའི་རྒྱུ་དང་རྐྱེན་གང་ཡིན།
སྒྲེན་པོ། མི་སུ་ཞིག་ཡིན་རུང་རང་གི་སེམས་ངོ་རྗེན་པ་སྟོན་ཐབས་ལ་མི་འབད་མཁན་གཅིག་ཀྱང་མེད། མི་སེམས་ནི་གསོག་སྣོད་ཅིག་ལ་ཆ་འཇོག་བྱས་ན། སྣོད་དེ་རང་སྟོབས་ཀྱིས་གང་ན་སྙིགས་རོ་མོད་པོ་ཞིག་མགྲིན་སྒོ་ནས་འཕོ་དགོས་པ་ནི་ཆོས་ཉིད་ཡིན། སྨྲ་བ་མང་པོ་ཅན་གྱི་མིས་སྐད་ཆ་བཤད་ནས་ནང་སེམས་ཀྱི་སྣོད་དེ་བྲི་བར་བྱེད་ཀྱིན་ཡོད་ཅིང་། རི་མོ་དང་རོལ་དབྱངས་མཁན་གྱིས་ཚོས་གཞི་དང་དབྱངས་རྟར་བརྟེན་ནས་ནང་སེམས་ཀྱི་སྣོད་དེའི་ཁོད་ཇེ་ཡངས་སུ་གཏོང་གིན་ཡོད། ང་ལ་མཚོན་ན་རང་བཞིན་གྱིས་སྨྲ་བ་ཉུང་བར་བརྟེན། སྐད་ཆ་མང་པོ་ཞིག་ཁོག་ཏུ་བཅུག་ནས་རྨ་ཁར་འགྲོ་ཉེན་ལ་ཐུག་ཡོད་ཅིང་། གལ་སྲིད་དུས་ལྟར་སེམས་ཀྱི་གཏིང་དུ་སྦས་ཡུན་རིང་བའི་སྐད་ཆ་དེ་དག་ཕྱིར་མ་བྱོ་ན། དབུགས་སྟོད་དུ་འཚངས་ནས་ཁོག་པ་དོག་བཅུམ་སེར་འགྲོ་ངེས་པས་ན། ངས་སྙན་ངག་ཅེས་པའི་ཐབས་ལམ་འདི་གཡར་ནས་རང་གི་ནང་སེམས་བཤལ་ནི་ཡིན།
ཁྲི་སེམས་དཔའ། ཁྱེད་ལ་ཤུགས་རྐྱེན་ཐེབས་མྱོང་མཁན་གྱི་རྩོམ་པ་པོ་དང་སྙན་ངག་པ་སུ་སུ་ཡོད།
སྒྲེན་པོ། ཉེ་དུས་ཀྱི་ཆ་ནས་བོད་ཀྱི་སྙན་ངག་པའི་ཁྲོད་ང་ལ་བག་ཆགས་ཟབ་མོ་འཇོག་མཁན་ནི་རང་གྲོལ་དང་ལྗང་བུ། གཅན་མེ་སྟག འཇུ་སྐལ་བཟང་། དཔའ་རྩེ། གཉན། སྐྱབས་ཆེན་བདེ་གྲོལ་བཅས་ཡིན།
ཁྲི་སེམས་དཔའ། ཁྱེད་ཀྱིས་འབྲི་འདོད་པའམ་ཡང་ན་ཁྱེད་ཀྱི་སེམས་ནང་གི་སྙན་ངག་ཡག་པོ་དེ་ཇི་ལྟ་བུ་ཞིག་ཡིན།
སྒྲེན་པོ། སྙན་ངག་ལ་འདི་ཞེས་ཚད་གཞི་གཤའ་མ་ཞིག་འཇོག་རྒྱུ་མེད་པ་བདེན་དོན་ཡིན་ནའང་། བྲིས་པའི་སྙན་ངག་གང་དེ་འགྲོ་མིའི་ཆགས་སྡང་གི་གཏན་ཚིགས་དང་མཐུན་ཞིང་། སྙན་ངག་གང་དེའི་ཁྲོད་ཐོན་པའི་ཚིག་དང་ཡིད་གཟུགས་ཇི་སྙེད་རྩོམ་མཁན་རང་གི་དངོས་བརྒྱུད་མྱོང་སྟོབས་ཀྱིས་ཟིན་པ་ཡིན་ན་དེ་འདྲ་ལ་ད་གཟོད་སྙན་ངག་ལེགས་པོ་ཞེས་བསྙད་ཆོག་སྙམ།
ཁྲི་སེམས་དཔའ། ཁྱེད་ཀྱིས་བོད་ཀྱི་སྙན་ངག་པ་རྣམས་ལ་སྐད་ཆ་འགའ་ཅིས་ཀྱང་འཆད་དགོས་པར་སྐུལ་ཚེ་ཅི་ཞིག་འཆད་འདོད་དམ།
སྒྲེན་པོ། དགོངས་དག འདིའི་སྐོར་ནས་ང་ལ་བཤད་རྒྱུ་མང་པོ་མེད།
ཁྲི་སེམས་དཔའ། མཇུག་མཐར་མ་འོངས་པའི་འཆར་གཞིའི་སྐོར་ནས་ཁ་བརྡ་ཐུང་ཐུང་ཞིག་བྱས་ན་ཅི་འདྲ།
སྒྲེན་པོ། རེད། མ་འོངས་འཆར་གཞིའི་སྐོར་ནས་འདི་ཞེས་རྩིས་ཁྲ་ལྟ་བུ་ཞིག་སྟོན་རྒྱུ་ཅི་ཡང་མེད། མ་འོངས་པར་རང་གི་མི་འདང་སར་ཤུགས་བསྣན་ནས་རང་བློར་འབབ་པའི་སྙན་ངག་འགའ་རྩོམ་པར་འབད་འབུངས་ཧུར་བསྐྱེད་བྱེད་རྒྱུ་ཡིན།
ཁྲི་སེམས་དཔའ། ཁྱེད་ཀྱིས་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ།
སྒྲེན་པོ། ཁྱེད་ཀྱིས་ང་ལ་རང་གི་སེམས་གཏམ་བྱོ་སའི་སྡིངས་ཆ་འདི་ལྟ་བུ་འདོན་སྤྲོད་བྱས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ།