ཁ་བའི་དཔྱིད་ཀ་སྦྲུམ་པ། (ཞར་བཀོད་གཉིས)
མདོ་སྨད་ཧེ་རུ་ཀ(ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29
ཁ་བའི་དཔྱིད་ཀ་སྦྲུམ་པ། (ཞར་བཀོད་གཉིས)
མདོ་སྨད་ཧེ་རུ་ཀ(ལན་གྲུ)
འདི་ཁ་བ་འབབ་སྟངས་ཤིག་རེད
འདི་འཛུམ་མདངས་དཀྲོལ་སྟངས་ཤིག་རེད
དཔྱིད་ཀ་ནི་བུ་མོ་ཞིག་ཡིན་པ་དྲན
བུ་མོའི་འཛུམ་མདངས་ཉི་འོད་དང་འདྲ་བ་དྲན
དཔྱིད་ཀ་ནི་འབྲི་མོ་ཞིག་ཡིན་པ་དྲན
འབྲི་མོའི་འོ་མ་ཁ་བ་དང་འདྲ་བ་དྲན
ཁ་བའི་ཁྲོད་ཀྱི་རྐང་རྗེས་ལེབ་མོ
རི་བོའི་ཕ་རོལ་ཏུ་བསྲིངས་ཡོད
ཁ་བའི་ཁྲོད་ཀྱི་གྲིབ་རིས་རིང་མོ
གཙང་པོའི་ཚུ་རོལ་ཏུ་འགྲེངས་ཡོད
དཔྱིད་ཀ་ཡིད་དུ་འོང
ཁ་བ་སེམས་ལ་བབས
དེ་དག་གི་ཁྲོད་ནས་ལྗང་ལོ་འབུས་སྲིད
དེ་དག་གི་ཁྲོད་ནས་མེ་ཏོག་འཛུམ་ངེས
འདི་ནི་ཕྱིར་དྲན་གློད་སྟངས་ཤིག་རེད
འདི་ནི་ན་ཟུག་རྒུམ་སྟངས་ཤིག་རེད
དཔྱིད་ཀ་ནི་བུ་མོ་ཞིག་རེད
བརྩེ་བ་ལྷུག་ལྷུག་སྟོན་ངེས་པའི་བུ་མོ་ཞིག་རེད
དཔྱིད་ཀ་ནི་འབྲི་མོ་ཞིག་རེད
འོ་མ་ཤག་ཤག་བཞོ་ཆོག་པའི་གཡང་འབྲི་ཞིག་རེད
༢༠༡༥.༣.༡༨མཚན་མོར།
[ཕྲན་དཔྱད།/སྙན་བུ་རང་དྲིལ། (པེ་ཅིང)]མདོ་སྨད་ཧེ་རུ་ཀ་ནི་སྙན་ངག་གི་དབྱངས་འགྲོས་ལ་དང་དོད་ཆེར་བགྱི་བའི་སྙན་ངག་པ་ཞིག་ཡིན་ཏེ། ཁོའི་སྙན་ངག་མང་པོ་ཞིག་ལ་དབྱངས་འགྲོས་ཀྱི་མཛེས་པ་མངོན་གསལ་དོད་པོ་ཡོད། དེ་ཡང་སྙན་ངག་
གི་དབྱངས་འགྲོས་ཟེར་བ་ནི་སྙན་ངག་གི་སྐད་ཆའི་སྡེབ་སྦྱོར་ཁྱད་པར་བ་ལས་བྱུང་བའི་སྐད་ཆའི་འབྲས་བུ་ཞིག་ལ་གོ་སྟེ། དེ་ཡིས་སྐད་ཆའི་མགྱོགས་བུལ་དང་
རླབས་འཇགས། ཁྱོགས་འགུག་སོགས་འདེགས་འཇོག་ངེས་ཅན་ཞིག་གི་འོག་ནས་སྙན་ངག་ཧྲིལ་བོར་དབྱངས་འགྲོས་ཀྱི་མཛེས་པ་བཏོད་དེ། སྙན་ངག་གྱེར་ཀློག་བྱེད་དུས་དབུགས་ངལ་གསོ་ཐུབ་ཅིང་། དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་འགྱུར་བ་སོགས་ཀྱང་དེ་ཡི་འགྲོས་དང་བསྟུན་གཡོ་སྐྱོམ་བྱེད་པ་ཞིག་ཡིན། སྐབས་རེར་འགྲོས་ཀྱི་འདེགས་འཇོག་དེས་ཕ་རོལ་བའི་མཐོང་བྱེད་དང་ཉན་བྱེད་ལའང་བག་ཆགས་ཟབ་མོ་འཇོག་ནུས། སྤྱིར་སྙན་ངག་ལ་ཉམས་འདོན་སྟངས་མང་པོ་ཞིག་ནི་མཆིས་ཏེ། དབྱངས་འགྲོས་ནི་སྙན་ངག་གི་ཉམས་འདོན་སྟངས་ལས་ཁྱད་ཆོས་བྱེ་བྲག་པ་ཙམ་ཞིག་ཡིན་མོད། ནུབ་གླིང་དང་ཀྲུང་གོའི་སྙན་ངག་པ་མང་པོ་ཞིག་གིས་འདི་ཉིད་ལྷུར་ལེན་བགྱི་བར་གཞིགས་ན་སྙན་ངག་གི་དབྱངས་འགྲོས་རང་བཞིན་ནི་ཐོག་མ་ནས་སྙན་ངག་དང་ཉེ་བར་གཅར་ཚུལ་ཞིག་ཡིན་པར་འདོད། (ཡིན་ཡང་ལ་ལ་ཞིག་གིས་སྙན་ངག་གི་དབྱངས་འགྲོས་རང་བཞིན་དེ་སྙན་ངག་ནི་རྩོམ་ལུས་གཞན་དང་ངོ་བོ་འབྱེད་བྱེད་ཅིག་ཏུ་བསམ་པ་ནི་ཕྱོགས་སུ་ལྷུང་བའམ་ཡང་དག་མ་ཡིན་པའི་ལྟ་བའོ)ངོས་ཐད་འདི་ནས། མདོ་སྨད་ཧེ་རུ་ཀའི་སྙན་ངག་མང་ཆེ་བ་ལ་དབྱངས་འགྲོས་ཀྱི་ཁྱད་ཆོས་དོད་པོ་ཡོད་དེ། གོང་གི་སྙན་ངག་འདི་ཐོག་མར་ཀློག་དུས་ཀྱང་། ཚིག་
རྐང་རེ་རེར་སྙན་ཆ་དོད་པོ་ཡོད་པ་མ་ཟད། ཀློག་པའི་ཚེ་ན། དཔྱིད་ཀ་ལྟར་འཇམ་ལ། འོ་ཞོ་ལྟར་ཞིམ་པའི་ཚིག་འབྲུ་རེ་རེ་ཚོར་བའི་གཏིང་རིམ་ཞིག་ལ་ངང་གིས་འཁྱིལ་ཡོང་། སྙན་ངག་འདིར་རྩོམ་པ་པོས་དཔྱིད་ཀ་དང་བུ་མོ། འབྲི་མོ་དང་འོ་མ། ཁ་བ་དང་རྐང་རྗེས་ལེབ་མོ། ལྗང་ལོ་དང་མེ་ཏོག་སོགས་ཡིད་བརྙན་གྱི་ཕུང་བོ་དུ་མ་གཅིག་ཏུ་བསྡུས་ཏེ། ནམ་ཡང་མཛེས་སྡུག་ཏུ་རློམ་པའི་འདས་སོང་གི་ལོ་ཟླ་དེར་ཕྱིར་དྲན་དང་། ཕྱིར་དྲན་གྱི་ཀློང་ན་ནམ་ཡང་འོ་ཞོ་ལྟར་འཁྱིལ་བའི་བརྩེ་དུངས་དེར་ཞེན་ཆགས། ཞེན་ཆགས་ལས་བྱུང་བའི་བཟོད་མེད་ཀྱི་ན་ཟུག་དེར་ཡང་ཡང་ཨམ་གཙིགས་བསྡམས་པའི་སེམས་ཁམས་ཤིག་བྲིས་ཡོད། དེས་ན་འདི་ལྟ་བུའི་སེམས་ཁམས་ནི་ཡང་སྙིང་ཇི་ལྟར་སྐྱེས་སམ་ཞེ་ན། ཡིད་འོང་གི་བུ་མོ་ཞིག་དང་གྱེས་བྲལ་བྱུང་བ་ལས་སྐྱེས་པར་འདོད་དེ། སྙན་ངག་འདིའི་ཚན་པ་གསུམ་པར"ཁ་བའི་ཁྲོད་ཀྱི་རྐང་རྗེས་ལེབ་མོ/རི་བོའི་ཕ་རོལ་ཏུ་བསྲིངས་ཡོད/ཁ་བའི་ཁྲོད་ཀྱི་གྲིབ་རིས་རིང་མོ/གཙང་པོའི་ཚུ་རོལ་ཏུ་འགྲེངས་ཡོད"ཅེས་དུས་དང་བར་སྟོང་གིས་རྣམ་པར་བཅད་པ་འདི་ལས་རྟོགས་སླ་སྟེ། གྱེས་བྲལ་གྱི་དུས་ནི་འཁྱག་སིབ་སིབ་ཀྱི། གྲང་ཤུར་ཤུར་གྱི་ཁ་བ་བབས་པའི་དགུན་དུས་ཀྱི་ལྗོངས་རྣམ་ཞིག་ཡིན་པ་འདྲ་ཡང་། འོན་ཏེ་སྙན་ངག་ལ་གོ་བ་ལེན་དུས། འདི་ནི་ཡིད་ཡུལ་གྱི་རྟོག་ལྗོངས་ཤིག་ཡིན་པས་ན། འཁྱག་སིབ་སིབ་ཀྱི་ཁ་བ་ནི་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་བབས་པ་མིན་པར། གྱེས་ཟིན་པའི་ན་གཞོན་ཕོ་མོ་ཟུང་གི་ནང་སེམས་ཀྱི་ཟབ་ས་ཞིག་ལ་བབས་པ་ཡིན་སྟབས། གྱེས་བྲལ་གྱི་སེམས་ཁམས་ནི་དགུན་ཁ་ལྟར་ཧ་ཅང་འཁྱག་ལ། ཁ་བ་ལྟར་ཧ་ཅང་གྲང་བ་ཞིག་ཡིན་ངེས་པ་བསྟན་ཡོད། ཡིན་ཡང་སྙན་ངག་པའི་དྲན་པའི་ཀློང་གི་བུ་མོ་དེ་ནི་དཔྱིད་ཀ་ལྟར་མཛེས་སྡུག་དཔལ་གྱི་ལང་ཚོ་རབ་ཏུ་རྫོགས་ཤིང་། བུ་མོ་དེའི་འཛུམ་མདངས་ནི་ཉི་འོད་ལྟར་ལུས་སེམས་ཀུན་ལ་དགའ་བདེ་དཔག་མེད་སྩོལ་མཁན་ཞིག་ཡིན་ཕྱིར།"དཔྱིད་ཀ་ཡིད་དུ་འོང"ཞེས་བུ་མོ་དེ་དང་ལྷན་དུ་འཛོམས་པའི་འདས་སོང་གི་ལོ་ཟླ་དེ་ནི་མཛེས་སྡུག་ཅིག་ཡིན་པ་དྲན་དུས། དཔྱིད་ཀ་ནི་བུ་མོ་དེ་དང་འདྲ་བར་ཡིད་དུ་འོང་ལ།
བུ་མོ་དེ་ཡང་དཔྱིད་ཀ་དང་འདྲ་བར་ཡིད་དུ་འོང་། འོན་ཏེ། འདས་ཟིན་པའི་མཛེས་སྡུག་གི་ལོ་ཟླ་རིང་མོ་དེ་ད་ཆ་ཅིས་ཀྱང་ལྡོག་ཏུ་མེད་པས།"ཁ་བ་སེམས་ལ་བབས"པ་ལྟར་ནང་སེམས་ཀྱི་འཇིག་རྟེན་ཧྲིལ་བོ་ནི་སླར་ཡང་དཀར་བོང་བོང་གི་ཁ་བས་གཡོགས་པའི་རི་རབ་དང་སྤང་ཐང་བཞིན་སྐབས་དང་སྐབས་སུ་འཁྱག་སིབ་སིབ་བྱེད་ལ། མཚམས་དང་མཚམས་སུ་གྲང་ཤུར་ཤུར་བྱེད་དོ།།
ཡིན་ནའང་། སྙན་ངག་པས་བརྩེ་དུངས་ལ་བཅངས་པའི་བློ་སེམས་ལ་འགྱུར་བ་མེད་དེ། ལོ་ཟླ་ལྡོག་ཏུ་མེད་ཀྱང་། སེམས་པ་གདུང་བས་གཙེས་ཀྱང་།"དེ་དག་གི་ཁྲོད་ནས་ལྗང་ལོ་འབུས་སྲིད/དེ་དག་གི་ཁྲོད་ནས་མེ་ཏོག་འཛུམ་ངེས"ཞེས་བསླད་མེད་དྭངས་གཙང་གི་སེམས་པ་ཞིག་བཅངས་ནས། བརྩེ་དུངས་ལ་མུ་མཐུད་དུ་རེ་སྨོན་བྱེད་ཀྱི་འདུག བརྩེ་དུངས་ལ་མུ་མཐུད་དུ་ཡིད་ཆེས་བྱེད་ཀྱི་འདུག
སྙན་ངག་པས"དཔྱིད་ཀ་ནི་འབྲི་མོ་ཞིག་ཡིན་པ་དྲན། འབྲི་མོའི་འོ་མ་ཁ་བ་དང་འདྲ་བ་དྲན"པར་གཞིགས་ན། དྲན་པའི་ཀློང་གི་བུ་མོ་དེ་ཡང་གཤིས་ཀ་འོ་མ་ལྟར་འཇམ་ལ་སེམས་པ་ཁ་བ་ལྟར་དཀར་བའི་རྩྭ་ཐང་གི་འབྲོག་མོ་རྣལ་མ་ཞིག་ཡིན་པ་རྟོགས་ཐུབ། འདི་ལྟ་བུའི་བུ་མོ་ཞིག་ལ་དང་པོ་སེམས་པ་ཤོར། བར་དུ་འདྲིས་ཤིང་འགྲོགས། ཐ་མར་རིང་དུ་གྱེས་ཏེ་དྲན་གདུང་གི་ན་ཟུག་ཟབ་མོ་ཞིག་རྒུམ་དགོས་པ་དེ་ཡང་མཛེས་སྡུག་གི་གོ་རིམ་ཞིག་ཡིན་ལ། སྐྱོ་སྡུག་གི་ལོ་ཟླ་ཞིག་ཀྱང་ཅི་ལ་མིན། དེ་བས། སྙན་ངག་པས་ཚན་པ་དང་པོ་རུ"འདི་ཁ་བ་འབབ་སྟངས་ཤིག་རེད"ཅེས་པ་དེའང་མཐར་གཏུགས་ན"ཕྱིར་དྲན་གློད་སྟངས་ཤིག"ཡིན་འདུག་ལ། "འདི་འཛུམ་མདངས་དཀྲོལ་སྟངས་ཤིག་རེད"ཅེས་པ་དེའང་མཐར་གཏུགས་ན"ན་ཟུག་རྒུམ་སྟངས་ཤིག"ཡིན་དགོས་སོ།། ཕྱིར་དྲན་ལས་སྐྱེས་པའི་ན་ཟུག་ཟབ་མོ་དེའི་དབང་གིས། སྙན་ངག་པས་མཇུག་མཐར"དཔྱིད་ཀ་ནི་བུ་མོ་ཞིག་རེད""དཔྱིད་ཀ་ནི་འབྲི་མོ་ཞིག་རེད"ཅེས་བློ་ཐག་རྦད་ཆོད་ཀྱིས་སྡོམ་ཚིག་ལྟར་བཀོད་པ་འདི་ལས་སྙན་ངག་པའི་སེམས་ཁོང་དུ་སྡུག་བསྔལ་གྱི་མཚོ་མོ་ལྟེམ་མེར་འཁྱིལ་བ་ལ་ན་ཟུག་གི་རྦ་རླབས་དྲག་ཏུ་འཕྱོ་བཞིན་ཡོད་པ་མཚོན་ཡོད་སྙམ།
སྙན་ངག་འདི་ནི་བརྩེ་དུངས་མཚོན་པའི་སྙན་ངག་ཅིག་ཡིན་ཡང་། སྙན་ངག་པས་དུངས་པ་ཐད་བརྗོད་ཀྱི་ཚུལ་དུ་བུ་མོ་དེ་ཇི་ལྟར་དྲན་ཚུལ་བརྗོད་མེད་པར། མཛེས་སྡུག་གི་ཡིད་ཡུལ་ཁྱད་པར་བ་ཞིག་བཞེངས་ཏེ་ཚོར་འདྲེས་དང་བསྣོལ་སྡེབ་ཀྱི་ལམ་ནས་རྣམ་དག་གི་བརྩེ་དུངས་ཤིག་ལ་ཡང་ཡང་ཕྱིར་དྲན་བགྱིས་པའི་དྭངས་གཙང་གི་སེམས་པ་ཞིག་སྒྱུ་རྩལ་གྱི་དྭངས་རྩེར་བསྐྱོན་པ་དེ་གཅིག་དང་། གཉིས་སུ་ཚིག་འཇམ་ལ་གོ་བདེ་བའི་སྙན་ངག་གི་སྐད་ཆ་རེ་རེ་ཐེངས་གཅིག་བཀླགས་པས་མི་འཐུས་པར་ཐེངས་དུ་མར་བཀླག་འདོད་ཀྱི་འདུན་པ་དྲག་ཏུ་བསྐྱེད་ནུས་པ་དེ་ཡང་སྙན་ངག་འདིའི་ཁྱད་དུ་འཕགས་ཤིང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཡིན་པར་འདོད་དོ།།
གཡང་མོ་ལུག་ལ་བྲིས་པའི་ལོ་སར་གྱི་སྙན་ངག
འདི་ནས་ཉི་མ་ནུབ་རིར་གཟིམ་ཚེ
སང་གི་ཞོགས་ཀ་དེ་ཤོག་ལྷེ་གསར་བ་ཞིག་ཡིན
ངས་སྙན་ངག་གསར་བ་བྲིས་ཆོག་པའི
རྟེན་འབྲེལ་གྱི་དབུ་ཁྱུད་གསར་བ་ཞིག་ཡིན
ནང་མི་དང་ཉེ་རིང་འཛོམས་ནས
སྤྲོ་སྐྱིད་ཀྱི་སྣང་བ་གླུ་གཞས་ལ་སིམ་ཆོག་པའི
རང་དབང་གི་ཞོགས་པ་གསར་བ་ཞིག་ཡིན་པས
དོ་ནུབ ངའི་རྨི་ལམ་དུ་ཁ་བ་འབབ་ཆོག
དཔྱིད་ཀྱི་འདབ་ལོ་བརྐྱང་ཆོག་སའི་ཡལ་ཕྲན་ཡོད་པས
བརྩེ་དུངས་ཀྱི་ལྗང་ལོ་འབུ་ཆོག
འབའ་སྒྲ་ལྷང་ལྷང་གིས
ལྷས་འདབས་ལ་གསོན་ཤུགས་བསྣན་ཡོང
དུས་འདི
ཨ་ཕ་ཕྱི་རོལ་ནས་རང་ཁྱིམ་ལ་ལོག་པའི
ས་སྲོད་ཀྱི་དུས་ཡིན
མར་མེ་སེར་པོ་འོད་སྣང་ལམ་ལམ
དུས་འདི
ཨ་མའི་གསོལ་འདེབས་དང་དབྱངས་རྟའི་བར་ལ
བདེ་སྐྱིད་དང་ལོ་གཡང་ཆགས་པའི
གནམ་གང་གི་དགོང་མོར་འཁེལ་ཡོད
མ་མོ་ཚོས་ལུ་གུ་ཁྲིད་ནས་ལྷས་འདབས་སུ་འབྱོར་དུས
སྒོ་དར་ལྷབ་ལྷུབ་ཀྱི་ཚོན་མདངས་བར་ན
སང་གི་ཉི་གཞོན་འཛུམ་ནས་ཡོད་འདྲའི་དགའ་སྤྲོ
དོ་ནུབ
ངས་རྨི་ལམ་གྱི་སྣེ་མོར་དར་ལྕོག་བཙུགས་ཏེ
རེ་སྒུག་གི་སྣེ་མོར་སེམས་ཚོར་སྣ་ཚོགས་བཏབ་ནས
ཚོན་ཁྲའི་ཤོག་སྦག་ཀྱང་སྣ་ཚོགས་དགད་རྩིས་ཡིན
བསང་དུད་དང་མར་མེའི་དྲི་ངད་སྟུག་པོ
དོ་ནུབ་ཀྱི་ངའི་ཁོར་ཡུག་གི་དྲི་མ་ཡིན
གཡང་དཀར་གྱི་འབའ་སྒྲ་ལྷང་ལྷང
དོ་ནུབ་ཀྱི་ངའི་གཞས་དབྱངས་སྙན་མོ་ཡིན
འདི་ནས་ཉི་མ་ནུབ་རིར་གཟིམ་ཚེ
སང་གི་ཞོགས་ཀ་དེ་ཤོག་ལྷེ་གསར་བ་ཞིག་ཡིན
ངས་སྙན་ངག་གསར་བ་བྲི་ཆོག་པའི
རྟེན་འབྲེལ་གྱི་དབུ་ཁྱུད་གསར་བ་ཞིག་ཡིན
ལུག་ཁྱུ་ལྷས་ལ་ཡོངས་སུ་བཅུག་ཚར་དུས
ངེད་ཚང་གི་མ་མོ་རྒྱ་ཐོ་མ་ལ
ལུ་གུ་མཚེ་མ་ཞིག་བཙས་འདུག་ཅེས
ཨ་ཕའི་དགའ་འཛུམ་གྱི་མིག་ཟུང་ལ
སང་གི་ཉི་གཞོན་ཤར་འདུག་པའི་དྲོད་ཁོལ་འཕྱུར་ཡོང
ལུ་གུ་མཚེ་མ་འདི
ངས་ཁྱེད་ཅག་ལ་བཏབ་པའི་ལོ་སར་གྱི་ལེགས་སྐྱེས་ཡིན
༢༠༡༥.༢.༡༨ཉི་ནུབ་ཏུ།
[ཕྲན་དཔྱད།/གཡུ་སྲས། (དཀར་མཛེས)]སྒང་བ་བོད་ཀྱི་ལོ་སར་བརྗོད་བྱར་བཟུང་ བའི་སྙན་ངག་ཅིག་ལ་མཚོན་ན། དེ་ནི་ང་ཚོའི་ཚོད་བགམ་གྱི་དབྱིངས་ལ་ཤོང་ནུས་པ་ཇི་བཞིན་དགའ་སྤྲོ་དང་ལྷན་འཛོམས། རེ་སྒུག་དང་གསོན་ཤུགས་ཀྱིས་བརྟས་པའི་རི་མོ་ཚོན་མདངས་ཅན་ཞིག་གི་གཟུགས་རིས་ཡིན་སྲིད་དེ། འགྲོ་དྲུག་
གིས་སྣོད་བཅུད་ཀྱི་པང་དུ་ཚེ་སྲོག་གི་རྒྱུད་སྐུད་ཕྲ་མོ་ཉི་མ་སུམ་བརྒྱ་དྲུག་བཅུར་སྦྲེངས་པའི་སྡོམ་རྩིས་ཁྱད་པར་ཅན་ཞིག་གི་མངོན་ཚུལ་དང་། རང་བྱུང་ཁམས་ཆེན་པོའི་དུས་ཚིགས་ཀྱི་འགྱུར་བག་ཁྲོད་དུ་སེམས་ཅན་གྲངས་མེད་ཀྱིས་གྱེས་བྲལ་གྱི་གདུང་བ་ཁུར་ནས་འདུ་འཛོམས་ཀྱི་ཕྱག་རྒྱ་བསྣོལ་བའི་དུས་མཚམས་ཤིག་གི་གདངས་འགྲོས་ཀྱང་ཡིན།
སྙན་ངག་འདི་ནི་དུས་ཀྱི་ཆ་ནས་སྲོད་ཁའི་ཉི་ནུབ་ཀྱི་མཚམས་ལ་བྲིས་པ་ཞིག་སྟེ། ཉི་མའི་འོད་ཟེར་ཆེན་པོ་དེ་ནུབ་རིའི་ཕང་བར་ཡལ་ཚེ། རང་ཉིད་ཀྱིས་སང་ཉིན་གྱི་ཞོགས་པ་གསར་བ་ཞིག་དང་འཛུམ་མདངས་གསར་བ་ཞིག སྤྲོ་སྐྱིད་ཀྱི་ཉིན་མོ་གསར་བ་ཞིག་གི་ཕེབས་བསུ་ལ་སྟ་གོན་བགྱིས་ཏེ་ཡོད་པ་དང་། ལོ་སར་དུས་སྐབས་ཀྱི་ཉིན་མོ་དེ་དག་ནི་ག་འདྲ་ཞིག་ཡིན་སྲིད་པའི་སྐོར་ལ་འཆར་ཡན་གྱི་གཤོག་པ་བརྐྱངས་ནས་སྨྱུག་ཁ་བསྐོར་ཡོད། འབྲི་བཞེངས་ཀྱི་ཀློང་ན་ཡན་པའི་སྙན་ངག་གི་ཡིད་ཁམས་དེའང་གཙོ་ཆེ་བ་རྩྭ་ཐང་གི་དྲོད་ཁོལ་སྲུང་བའི་འབྲོག་པའི་ཁྱིམ་གཞིས་ཤིག་གི་སྨོན་འདུན་དང་གསོལ་འདེབས། སྤྲོ་སྐྱིད་དང་ལྷན་འཛོམས་ཀྱི་ཁྱད་ཆོས་དམིགས་སུ་བྲིས་ནས་ཁྱིམ་ཚང་དེ་གའི་དགའ་འཛོམས་བརྗོད་ཡོད་ལ། ནང་མིའི་དགོད་སྒྲ་དང་བྱིས་པ་ཚོའི་འུར་ཟིང་ཁྲོད་དུ་ལོ་སར་གྱི་ཉིན་མོ་དེ་དག་ལ་སྨྲ་བསམ་བརྗོད་འདས་ཀྱི་དགའ་བའི་ཀློང་ན་འཕྱན་པའི་སྙན་ངག་པ་རང་གི་གནོན་པར་དཀའ་བའི་སེམས་འགྱུ་དེ་ལྷུག་པོར་བརྗོད་ཡོད།
དེང་གི་བཟོ་ལས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱིས་བསྐྱེད་པའི་བརྡབ་གསིག་སྣ་མང་གིས་འུ་ཅག་སྟེ་རྩྭ་ཐང་དང་རྟ་ཐོག་ཏུ་འཚོ་ཚིས་གཉེར་བའི་མི་སྡེ་འདིའི་འཚོ་བའི་གནས་སྒོ་གང་ལའང་འགྱུར་བ་སྣ་ཚོགས་གཏོང་བའི་དུས་འདི་ནི། གསོང་བོར་སྨྲས་ན་འབྲོག་རུའི་རིག་གནས་ཉམས་རྒུད་ཀྱི་ལམ་དུ་བསྐྱོད་བཞིན་པའི་དུས་
ཤིག་ཡིན་པས། རང་གི་མི་རིགས་འདིའི་སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་འཕོང་ཕྱིས་ཀྱི་རྡོ་ཇི་བཞིན་དོར་ཏེ་ཡ་མ་བརླའི་སྤྱོད་པ་ལྷུར་ལེན་པའི་ང་ཚོར་མཚོན་ན། དུངས་ཞེན་ཟབ་མོ་དང་འདུ་ཤེས་དྲག་པོ་ཞིག་གི་ཐུ་འོག་ནས་ཡང་བསྐྱར་འབྲོག་རུའི་རིག་གནས་ཀྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་ལ་མཐོང་སྣེ་ཅི་ལྟ་བུ་ཞིག་གིས་ངོས་འཛིན་དང་རྒྱུན་འཛིན་བྱ་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པའི་གནད་དོན་ཞིག་རེད། ཁོ་བོ་ལྟར་ན་སྙན་རྩོམ་འདི་ལ་ཚིག་སྦྱོར་དང་སྒྲིག་གཞིའི་ཆ་ན་དམིགས་བསལ་གྱི་ཁྱད་ཆོས་ཅང་མི་སྣང་བར་བསམས་ཤིང་། འབྲི་ཐབས་དང་བརྗོད་བྱའི་སྟེང་ནའང་ཀློག་པ་པོ་ཀུན་གྱི་མིག་དབང་འཕྲོག་པ་ལྟ་བུའི་ཁྱད་ཆོས་ཆེན་པོ་གཞན་མི་སྣང་བར་འདོད། འོན་ཀྱང་སྙན་རྩོམ་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་བདོག་པ་ནི་ཚན་པ་དང་སྐད་ཆའི་སྦྱོར་བའི་ཀློང་ཡངས་ས་ན་ཆད་མེད་དུ་བཞུར་གྱིན་པའི་ཕ་ཡུལ་དང་འབྲོག་སྡེའི་འཚོ་བར་དུངས་པའི་ཞེན་ཁ་དྲི་མེད་དེ་རེད། དེའི་ཕྱིར། སྙན་རྩོམ་འདིའི་ཕ་ཡུལ་རྩྭ་ཐང་དང་འབྲོག་རུའི་རིག་གནས། དེ་མིན་ཡུལ་སྡེ་འདི་ལ་འཚོ་ཞིང་གནས་པའི་མི་རྒྱུད་འདིའི་ཕྱི་ནང་གསང་གསུམ་གྱི་མཛེས་པར་བཅངས་པའི་ལྷད་མེད་པའི་དུངས་པ་འདི་ནི་ད་ལྟའི་ང་ཚོས་ངེས་པར་ཕྱིར་རྟོག་བྱ་འོས་སའི་གནས་ཤིག་ཡིན་ལ། སྙན་ངག་འདིས་ཟུར་ངོས་གཞན་ཞིག་གིས་ཁོ་བོར་སྦྱིན་པའི་མྱོང་ཚོར་དེའང་གཙོ་བོ་འདིའི་སྟེང་ནས་མངོན་དགོས་སྙམ།
མེ་ལོང་གི་མདུན་ནས་རང་ཉིད་བཀླགས་པ།
མེ་ལོང་གི་མདུན་ཐད་ནས་ཡར་འགྲེངས་ཏེ
རང་ཉིད་ཀྱི་ངོ་གདོང་ཀློག་དུས
ངའི་རྒྱབ་རོལ་ན་དྭངས་གཙང་གི་གངས་རི་ཞིག
ཀེ་རེར་འགྱིང་འདུག་འདྲའི་དཔའ་གདེང་གིས
རལ་བ་མེད་པའི་སེང་གེ་རྔོག་འཛིང་དེ
རང་ཉིད་ཡིན་སྙམ་གྱི་ང་རྒྱལ་རྟོག་བཟོ་བགྱིས
མེ་ལོང་གི་མདུན་ཐད་ནས་ཡར་འགྲེངས་ཏེ
རང་ཉིད་ཀྱི་ངོ་གདོང་ཀློག་དུས
ང་ཡི་རྒྱབ་རོལ་ན་རླབས་ཕྲེང་སྐྱོམ་པའི་གཡུ་མཚོ་ཞིག
འཕྱུར་ནས་ཡོང་གིན་པའི་དངངས་འཚབ་ཀྱིས
གྲིབ་མ་མེད་པའི་གཡོར་གྲུ་དཀར་པོ་དེ
རང་ཉིད་ཡིན་སྙམ་གྱི་ཁེར་རྐྱང་བསམ་ཡན་བྱས
མིག་ཟུང་ལ་འཁྱག་རོམ་ལས་དྭངས་པའི
འོད་ཟེར་གྱི་སྙེ་ལོ་འཁྱུག་གིན་པ་མཐོང
མི་ལོ་སུམ་ཅུའི་བྲག་ཐེམ་གྱི་རང་ཉིད་ལ
ད་དུང་གསེར་མདོག་གི་སྟོན་ལྗོངས་ཤིག་ཡོད་པ་དྲན
རླུང་བུ་བསིལ་བསིལ་གྱིས་སྐྲ་ལོ་སྒུལ་གྱིན་པའི
སྣང་བ་ཉ་མོ་འདྲ་བའི་ཞོགས་པ་ཞིག་ཡོད་མྱོང་བ་དྲན
ཁ་སྤུ་དང་ངོ་སྤུ་ཚང་ཚིང་གིས་འཛིང་བའི
རང་བྱུང་གི་པང་ལ་མགོ་བོ་བསྙེས་ཏེ་བསམས་ཚེ
རྩྭ་ཐང་ཟེར་བའི་ཡུལ་གྲུ་ཞིག་སྙིང་ཁར་ཆགས་ཡོད་པ་མཐོང
ཆར་བ་ཤག་ཤག་གི་སྒྲ་དབྱངས་ཁྲོད་ན
འབྲོག་ཁྱི་རྒྱ་བོ་ཁྲིད་པའི་བུ་མོ་རྐང་རྗེན་ཞིག
ང་ཡི་ཕྱོགས་སུ་ཡོང་གིན་པའི་མཛེས་སྡུག་འཆར་ཡན་ལ་བསྒོས་ཏེ་ཉན
མེ་ལོང་གི་མདུན་ཐད་ནས་ཡར་འགྲེངས་ཏེ
རང་ཉིད་ཀྱི་ངོ་གདོང་ཀློག་དུས
ངའི་རྒྱབ་རོལ་གྱི་ཡུལ་ལྗོངས་ཧྲིལ་བོ་མུན་པ་ཡིན་པ་མཐོང
འཁྱག་སིབ་སིབ་ཀྱི་སྟོན་རླུང་གིས
ང་ལ་འཁྱག་སིབ་སིབ་ཀྱི་ཚོར་བ་བྱིན
༢༠༡༥.༩.༡༥ཞོགས་པར་མི་སྐྱིད་གླིང་ནས།
[ཕྲན་དཔྱད།/འཇམ་དཔལ་རྡོ་རྗེ། (ཁྲི་འདུ)]མེ་ལོང་ནི་འཛམ་གླིང་ཤར་ནུབ་གཉིས་ཀྱི་སྙན་ངག་པ་ཚོས་སྙན་ངག་ལས་རང་ཉིད་ཀྱི་འདུ་ཤེས་དང་ཚོར་བ་དྲག་པོའི་གཏིང་དུ་འཇུག་བྱེད་ཀྱི་སྒོ་མོ་ལྟ་བུར་གྱུར་ཡོད། སྙན་ངག་འདི་ལྟ་བུ་ལ་མཚོན་ན་མེ་ལོང་ནི་རྩོམ་པ་པོ་སྒེར་ལ་དབང་བའི་མིའི་རིགས་ཐུན་མོང་གི་འདུ་ཤེས་ཀྱིས་འཛིན་ནུས་པའི་ཡིད་གཟུགས་ཤིག་རེད།
ཨ་ཀིན་ཐེན་གྱི་སྙན་ངག་པའི་དབང་བོ་བྷོར་ཧི་སི་མཆོག་གིས་སྙན་ངག《མེ་ལོང》ཞེས་པའི་ནང་དུ"ང་ནི་མེ་ལོང་ནང་དུ་ལྟ་བར་སྐྲག་པའི་མི་ཞིག་ཡིན/ བརྟོལ་ཐབས་མེད་པའི་ཤེལ་པང་ངོས་སུ/ལོངས་སུ་སྤྱོད་མི་ཐུབ་པའི་འཇིག་རྟེན་སྟོང་བ་ཞིག/ཡལ་བར་གྱུར་ནས་ཡང་བསྐྱར་མངོན་པར་བྱེད"ཅེས་བྲིས་ཡོད།
ད་ལྟ་གླེང་གཞིར་གྱུར་པའི་སྙན་ངག་འདིའི་ནང་དུ་རྩོམ་མཁན་གྱིས་འཇིག་རྟེན་མི་འདྲ་བ་གཉིས་མཐོང་སྣེར་བཟུང་སྟེ། མེ་ལོང་ཞིག་ཏུ་འཇིག་རྟེན་འདི་གཉིས་ལ་བལྟས་ཡོད། འཇིག་རྟེན་སྔ་མ་ནི་ལོངས་སུ་སྤྱོད་ཐབས་མེད་ལ་སེམས་ནས་ཡལ་བའང་མེད་པའི་འཇིག་རྟེན་ཞིག་ཡི་གེ་ལ་བརྟེན་ནས་རི་མོ་བཞིན་དུ་བྲིས་ཡོད། འཇིག་རྟེན་དེས་སྙན་ངག་འདིའི་ཚན་པ་དང་པོ་ནས་བཞི་བའི་བར་ཁད་ཀྱིས་བཟུང་ཡོད། ཚན་པ་དང་པོའི་ནང་དུ་རང་གི་ང་རྒྱལ་གྱི་ཁུངས་འཚོལ་སའི་གངས་རི་དང་སེང་གེ་ཡོད་སའི་འཇིག་རྟེན་ཞིག"རྟོག་བཟོ"བྱས་ཡོད། ཚན་པ་གཉིས་པའི་ནང་དུ་རང་ཉིད་ནི་གཡུ་མཚོའི་འགྲམ་གྱི་རྦ་རླབས་ཀྱིས་དེད་པའི་གཡོར་གྲུ་ཞིག་ཡིན་པར"བསམ་ཡན"བྱེད་པ་དང་། ཚན་པ་གསུམ་པའི་ནང་དུ་རང་ཉིད་ལ་གསེར་མདོག་གི་སྟོན་ལྗོངས་ཤིག་ཡོད་པ"དྲན་པ"དང་། ཚན་པ་བཞི་བའི་ནང་དུ་བུ་མོ (ཆར་ནང་དུ་ཡོད་པ། འབྲོག་ཁྱི་ཁྲིད་པ། རྐང་རྗེན་ཡིན་པ་སོགས་ཀྱིས་ཁོ་མོ་རང་བྱུང་ཁམས་དང་གཞི་གཅིག་ཏུ་འདྲེས་པ་མཚོན་ཡོད་སྙམ) ཞིག་རང་གི་ཕྱོགས་སུ་ཡོང་གིན་པ"འཆར་ཡན"བྱས་ཡོད།
ཚན་པ་རེ་རེའི་མཇུག་ཏུ་རྟོག་བཟོ་དང་བསམ་ཡན། དྲན་པ་དང་འཆར་ཡན་གྱི་བྱ་ཚིག་རྐྱང་རྐྱང་གིས་མདུད་པ་ཞིག་བརྒྱབ་ཡོད་པ་དེས་མཛེས་སྡུག་ལྡན་པའི་འཇིག་རྟེན་འདི་ནི་འཆར་སྣང་ཀློང་ན་འཛིན་རྒྱུ་མེད་པར་གྱུར་ཡོད། ཡང་ན་བྷོར་ཧི་སའི་སྙན་ངག་ཁྲོད་ཀྱི"ལོངས་སུ་སྤྱོད་མི་ཐུབ་པའི་འཇིག་རྟེན་སྟོང་བ"དང་རང་བཞིན་གཅིག་ཏུ་གྱུར་ཡོད། འོན་ཀྱང་སྙན་ངག་འདིས་བྷོར་ཧི་སིའི་སྙན་ངག་ལ་ལད་ཟློས་བྱས་ཡོད་ཅེས་པའི་དོན་ནི་མིན་པར་བྷོར་ཧི་སིའི་སྙན་ངག་ཁྲོད་ཀྱི་མེ་ལོང་གི་མཚོན་སྟངས་ཟབ་མོའི་བྱེད་ནུས་ཀྱིས་མདོ་སྨད་ཧེ་རུ་ཀའི་སྙན་ངག་འདིའི་དོན་བཀྲལ་བར་གྲོགས་བྱེད་ཐུབ་སྙམ་པ་ཡིན།
འཇིག་རྟེན་ཕྱི་མ་དེ་སྙན་ངག་འདིའི་ཚན་པ་ཆེས་རྗེས་མ་དེའི་ནང་དུ་བྲིས་ཡོད། ཚན་པ་དེ་རུ་མེ་ལོང་ནང་གི་ཡུལ་ལྗོངས་གློ་བུར་འགྱུར་སོང་། དཔེར་ན་མེ་ལོང་དུ་མངོན་པ་ནི་གངས་རི་དང་གཡུ་མཚོ། གསེར་མདོག་གི་སྟོན་ཁ་དང་ཆར་བའི་ནང་གི་བུ་མོ་སོགས་མིན་པར། མུན་པ་དང་འཁྱག་སིབ་སིབ་ཀྱི་སྟོན་རླུང་ཡིན་ལ། དེ་ནི་ཚན་པ་སྔ་མ་བཞིའི་ནང་གི"ལོངས་སུ་སྤྱོད་མི་ཐུབ་པའི་འཇིག་རྟེན་སྟོང་བ"མིན་པར་རང་གི་མངོན་སུམ་མྱོང་བའི་ཡུལ་དུ་གྱུར་པའི་འཇིག་རྟེན་དངོས་ཡིན་པ་ཚན་པ་དེའི་མཇུག་སྡུད་བྱེད་ཀྱི"ཚོར་བ་བྱིན"ཞེས་པའི་སྒྲ་དབྱངས་དེས་རང་ཤུགས་ཀྱིས་རྟོགས་སུ་འཇུག་ཐུབ་འདོད་ཡོད།
གང་ལྟར་སྙན་ངག་འདིའི་རྟོག་པའི་ཡུལ་གྲུབ་བྱེད་ཀྱི་འཇིག་རྟེན་དེ་གཉིས་ཀ་མེ་ལོང་ཞིག་ཏུ་ཤར་བ་དེས་ང་ཚོའི་འཇིག་རྟེན་ནི་མེ་ལོང་ནང་གི་ཡུལ་ལྗོངས་ཤིག་དང་འདྲ་བར་དུས་ནམ་ཡང་འཆིང་བ་ཞིག་ལས་གྲོལ་ཐབས་མེད་པ་མཚོན་ཡོད་སྙམ་པའི་ཚོར་སྣང་ཞིག་སྟེར་ཐུབ།
༢༠༡༧.༡༠.༢༢ཉིན་ཁྲི་འདུ་ནས།
མེ་ལོང་གི་མདུན་ནས་རང་ཉིད་བཀླགས་པ།
མེ་ལོང་གི་མདུན་ཐད་ནས་ཡར་འགྲེངས་ཏེ
རང་ཉིད་ཀྱི་ངོ་གདོང་ཀློག་དུས
ངའི་རྒྱབ་རོལ་ན་དྭངས་གཙང་གི་གངས་རི་ཞིག
ཀེ་རེར་འགྱིང་འདུག་འདྲའི་དཔའ་གདེང་གིས
རལ་བ་མེད་པའི་སེང་གེ་རྔོག་འཛིང་དེ
རང་ཉིད་ཡིན་སྙམ་གྱི་ང་རྒྱལ་རྟོག་བཟོ་བགྱིས
མེ་ལོང་གི་མདུན་ཐད་ནས་ཡར་འགྲེངས་ཏེ
རང་ཉིད་ཀྱི་ངོ་གདོང་ཀློག་དུས
ང་ཡི་རྒྱབ་རོལ་ན་རླབས་ཕྲེང་སྐྱོམ་པའི་གཡུ་མཚོ་ཞིག
འཕྱུར་ནས་ཡོང་གིན་པའི་དངངས་འཚབ་ཀྱིས
གྲིབ་མ་མེད་པའི་གཡོར་གྲུ་དཀར་པོ་དེ
རང་ཉིད་ཡིན་སྙམ་གྱི་ཁེར་རྐྱང་བསམ་ཡན་བྱས
མིག་ཟུང་ལ་འཁྱག་རོམ་ལས་དྭངས་པའི
འོད་ཟེར་གྱི་སྙེ་ལོ་འཁྱུག་གིན་པ་མཐོང
མི་ལོ་སུམ་ཅུའི་བྲག་ཐེམ་གྱི་རང་ཉིད་ལ
ད་དུང་གསེར་མདོག་གི་སྟོན་ལྗོངས་ཤིག་ཡོད་པ་དྲན
རླུང་བུ་བསིལ་བསིལ་གྱིས་སྐྲ་ལོ་སྒུལ་གྱིན་པའི
སྣང་བ་ཉ་མོ་འདྲ་བའི་ཞོགས་པ་ཞིག་ཡོད་མྱོང་བ་དྲན
ཁ་སྤུ་དང་ངོ་སྤུ་ཚང་ཚིང་གིས་འཛིང་བའི
རང་བྱུང་གི་པང་ལ་མགོ་བོ་བསྙེས་ཏེ་བསམས་ཚེ
རྩྭ་ཐང་ཟེར་བའི་ཡུལ་གྲུ་ཞིག་སྙིང་ཁར་ཆགས་ཡོད་པ་མཐོང
ཆར་བ་ཤག་ཤག་གི་སྒྲ་དབྱངས་ཁྲོད་ན
འབྲོག་ཁྱི་རྒྱ་བོ་ཁྲིད་པའི་བུ་མོ་རྐང་རྗེན་ཞིག
ང་ཡི་ཕྱོགས་སུ་ཡོང་གིན་པའི་མཛེས་སྡུག་འཆར་ཡན་ལ་བསྒོས་ཏེ་ཉན
མེ་ལོང་གི་མདུན་ཐད་ནས་ཡར་འགྲེངས་ཏེ
རང་ཉིད་ཀྱི་ངོ་གདོང་ཀློག་དུས
ངའི་རྒྱབ་རོལ་གྱི་ཡུལ་ལྗོངས་ཧྲིལ་བོ་མུན་པ་ཡིན་པ་མཐོང
འཁྱག་སིབ་སིབ་ཀྱི་སྟོན་རླུང་གིས
ང་ལ་འཁྱག་སིབ་སིབ་ཀྱི་ཚོར་བ་བྱིན
༢༠༡༥.༩.༡༥ཞོགས་པར་མི་སྐྱིད་གླིང་ནས།
[ཕྲན་དཔྱད།/ཉྭ་སྲིན་པོ། (མཚོ་ལྷོ)]སྙན་ངག་འདི་བརྗོད་བྱ་རྗོད་བྱེད་གཉིས་ཆར་དུ་གོ་དཀའ་བའི་རིགས་མ་ཡིན་པར་སྙན་ངག་པའི་སྣང་བའི་མཚོ་མོར་འཕྱུར་བའི་རླབས་ཀྱི་ཡོ་ལང་གང་དེ་ཅུང་གསལ་ལྷང་ངེར་ཕྱིར་མངོན་འདུག ཡིན་ན་ཡང་སྙན་ངག་འདི་བཞེངས་སྐྲུན་བྱེད་པའི་ཐབས་རྩལ་ཤིན་ཏུ་ཡག་པོར་འདུག
སྙན་ངག་པས་སྙན་ངག་འདི་གྲུབ་པ་ལ་མེ་ལོང་ཞིག་བཟོས་ཡོད། མེ་ལོང་དེ་རུ་རང་གི་ངོ་གདོང་ཤར་དུ་བཅུག་ཅིང་། ངོ་གདོང་དེ་རུ་རང་ཉིད་ཀྱི་སེམས་བྱུང་སྣ་ཚོགས་ཕྱིར་མངོན་པར་བྱས་ཡོད་པས། མེ་ལོང་དང་ངོ་གདོང་། སེམས་བྱུང་གསུམ་གཅིག་ལ་གཅིག་བརྟེན་དང་། རྒྱུན་ཐག་གཅིག་གི་རྣམ་པས་གྲུབ་འདུག རྒྱུན་ཐག་འདི་དེད་ནས་འགྲེལ་ཚེ། སྙན་ངག་པའི་མིག་མདུན་གྱི་མེ་ལོང་དེར་མི་ལོ་སུམ་ཅུའི་ཆགས་སྡང་འཕྱུར་བའི་ངོ་གདོང་ཞིག་ཤར་འདུག མི་ལོ་སུམ་ཅུའི་ཆགས་སྡང་གིས་བྲིས་པའི་ངོ་གདོང་འདིར། སྙན་ངག་པའི་ནང་སེམས་རྗེན་པར་མཚོན་པའི་སེམས་བྱུང་བཞི་མངོན་ཡོད་དེ། དང་པོ། སྙན་ངག་པས་ཐོག་མར་མེ་ལོང་དུ་ལྟ་དུས་མི་ལོ་སུམ་ཅུའི་ངོ་གདོང་གི་རྒྱབ་ཏུ་གངས་རི་དཀར་སེང་ངེ་བ་ཞིག་མངོན་ལ། དེ་མ་ཐག་རང་ཉིད་ལ་ང་རྒྱལ་གང་ཞིག་འགོག་མེད་དུ་སྐྱེས། དེ་ལས་སྙན་ངག་པས་རང་གི་ད་ལྟའི་གནས་བབ་དང་ཡུན་རིང་དྲུད་འོང་བའི་འཚོ་བའི་གདམ་གསེས་དག་ལ་ཡིད་ཚིམ་པའི་སྣང་བ་སྐྱེས་པ་མཚོན་ཐུབ།
གཉིས་པ། སྙན་ངག་པས་ཐེངས་གཉིས་པར་མེ་ལོང་དུ་ལྟ་དུས། རྒྱ་མཚོའི་རྦ་རླབས་འཕྱུར་བའི་ཀློང་དུ་གྲུ་ཆུང་ཁེར་སྐྱོད་ཅིག་མཐོང་བས་གློ་རྡེག་ཏུ་ཁེར་རྐྱང་གི་མྱ་ངམ་གང་ཞིག་ཐོལ་གྱིས་སྐྱེས། དེ་ལས་སྙན་ངག་པ་ཁོང་ནི་མི་ལོ་སུམ་
ཅུའི་ནམ་མཁའི་མདུན་དུ་འདུན་མས་རྨས་པའི་ཁེར་རྐྱང་གི་ཡུལ་གྱར་བ་ཞིག་ཡིན་ཞིང་། ཁེར་རྐྱང་ནི་རང་ཉིད་ཀྱི་ཆེས་མཐའ་མའི་ཚེ་གྲོགས་སུ་གྱུར་ཡོད་པ་མཚོན། ཁེར་རྐྱང་གི་རླུང་གཡོར་དཀར་པོ་ཡིན་པས་མཚོ་མོའི་རྒྱབ་ལྗོངས་གངས་རི་དཀར་པོ་ལ་བྱས་ཤིང་། སྙན་ངག་གི་དཔའ་གདེང་འཕྱུར་སའི་སྙིང་སྟོབས་ཀྱི་ཁུགས་པ་འདི་རིག་གནས་རྟེན་འབྲེལ་ལ་བཏེགས་པའི་མཐོང་སྣང་དམིགས་བསལ་བ་བྱས་འདུག་པ་མ་རྟོགས་ཚེ། སྙན་ངག་གི་ཟིལ་ཤུགས་དང་སྙན་ངག་པའི་རིག་སྟོབས་ཐུན་མོང་མ་ཡིན་པ་དེ་གྱོང་དུ་འགྲོ་ངེས་པའི་ཉེན་ཆེ་བས་ན། སྟོད་ཀྱི་གངས་དང་སྨད་ཀྱི་མཚོ་མོ་འདྲེས་པའི་རིག་གནས་བརྡ་རྟགས་འདི་སྙན་ངག་པས་བྲིས་པའི་སྙན་ངག《གངས་དང་མཚོ་དྲན་ཚུལ》(༢༠༠༩ལོའི་སྦྲང་ཆར་དེབ་དང་པོ)གཙོ་བྱས་སྙན་ངག་མང་པོའི་ཁྲོད་དུ་མཐོང་རྒྱུ་འདུག་ཅིང་། སྙན་ངག་པ་ཁོང་ལ་ཁྱད་དུ་ཡོད་པའི་ཁེར་ཚུགས་ཀྱི་ཐ་སྙད་དང་རིག་གནས་བརྡ་རྟགས་ཤིག་ཡིན་པས། རྩོམ་རིག་ནི་རྟེན་འབྲེལ་གྱི་ལྟ་བར་ཁས་འཆེས་པའི་སྙན་ངག་པ་ཁོང་ལ་མཚོན་ན། དེ་འདྲའི་བརྡ་རྟགས་ཀྱི་དཀྱིལ་དུ་བསྐུངས་པའི་གྲིབ་མ་མེད་པའི་རླུང་གཡོར་དཀར་པོ་ནི་རིག་གནས་བརྡ་རྟགས་གཞན་ཞིག་མིན་པའི་ངེས་པ་ག་ལ་ཡོད། དེ་ལྟར། དུས་ནམ་ཡང་འགྱུར་དུ་མེད་པའི་དཀར་མདངས་ཀྱི་ཆ་དེ་ཉིད་སྙན་ངག་པའི་བྲང་ཁོག་ལ་འཁྱིལ་བའི་འོད་སྣང་ཡིན་ལ། ཐ་སྙད་ལས་འཕྲོས་པའི་འོད་ཟེར་ཡང་ངོ་།།
གསུམ། སྙན་ངག་པས་ཐེངས་གསུམ་པར་མེ་ལོང་དུ་ལྟ་དུས། མི་ལོ་སུམ་ཅུའི་ངོ་གདོང་དེ་ལས་རང་གི་རྫོགས་ལྡན་གྱི་ཁ་སང་མཐོང་ཞིང་། ཁ་སང་དེ་ལས་རང་ཉིད་ལ་ཡིད་དུ་འོང་བའི་སང་ཉིན་ཞིག་ཡོད་སྲིད་པའི་སེམས་གསོ་བྱས་འདུག དེ་ལས་སྙན་ངག་པས་འཚོ་བའི་དགའ་སྐྱོའི་ཀློང་དུ་ལན་རེར་དངོས་ཡོད་ཀྱིས་ཡིད་མི་ཚིམ་པ་དང་། དེ་འབྲེལ་ཁ་སང་གི་རྫོགས་ལྡན་གྱིས་རང་ཉིད་ཀྱི་ད་ལྟ་བར་སྙིང་ཕུར་རྡེབ་ཀྱིན་པ་རྟོགས་ཐུབ།
བཞི། སྙན་ངག་པས་ཐེངས་བཞི་བར་མེ་ལོང་དུ་ལྟ་དུས་མི་ལོ་སུམ་ཅུའི་ངོ་གདོང་དེ་ལས་མུན་པ་གང་ཞིག་མཐོང་ཞིང་། མུན་པ་དེས་སྙན་ངག་པའི་སེམས་པ་འཁྱག་སིབ་སིབ་ཏུ་བཏང་འདུག འདི་ལས་དངོས་ཡོད་ཀྱི་མུན་ནག་གིས་སྙན་ངག་པའི་རྡོག་ལམ་འཕྲོག་གིན་པ་དང་། དེའི་དོན་དུ་སེམས་བག་ཕེབས་སུ་སྡོད་པའི་དུས་སྐབས་ཤིན་ཏུ་ཕྲ་བ་མཚོན་ཐུབ།
མདོར་ན་སྙན་ངག་འདིས་མེ་ལོང་གཅིག་དང་ངོ་གདོང་གཅིག སེམས་བྱུང་བཞི་བཅས་ཀྱི་མཐུན་སྦྱོར་བ་ལ་བརྟེན་ནས་སྙན་ངག་པའི་མི་ལོ་སུམ་ཅུའི་ཆགས་སྡང་གི་ཕྱི་ནང་འཇལ་འདུག་ཅིང་། སྐད་ཅིག་མ་གཅིག་གི་ཡུན་ལ་ངོ་གདོང་གཅིག་ལས་ཡོངས་སུ་མི་མཐུན་པའི་སེམས་བྱུང་སྣ་ཚོགས་ཤིག་འཕྱུར་བར་བྱས་ཡོད་པ་ནི་སྙན་ངག་འདིའི་ཆེས་ཡིད་འགུག་པ་དང་དང་བ་འདྲེན་ས་གཙོ་བོ་ཞིག་ཏུ་འདོད་དོ།།
ཕྱོགས་གཞན་ཞིག་ནས་བལྟས་ཚེ། སྙན་ངག་འདི་ལ་ཕྱིའི་སྣོད་ཀྱི་གངས་དང་མཚོ་མོ། རྩྭ་ཐང་སོགས་ཀྱི་བཀོད་པ་དང་དེ་ཡི་ནང་རོལ་ལ་བཅུད་ཀྱི་སེམས་ཅན་འབྲོག་ཁྱི་དང་བུ་མོ་བྲིས་པ་བརྒྱུད་ནས། སླར་ཡང་སྙན་ངག་པའི་ནང་སེམས་ཀྱི་འཁྱག་སིབ་སིབ་ཀྱི་ཚོར་བའི་སྟེང་ལ་འོད་ཀྱི་འདབ་མ་རྒྱས་པར་བྱས་ཡོད་ཅེས་སྨྲས་ཏེ་མཇུག་བསྡུའོ།།