ང་ཡི་བོད་པ། (སྙན་ཚོམ)
མདའ་བཙན་པོ། (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29
༡ མཇལ་བ།
ཐོད་ལ་སྦྱར་བའི་སྙིམ་པའི་ལྡེ་མིག
ཞོགས་པའི་གྱང་ལ་འབྲེལ་བ་མེད་དོ
ཉི་ཟེར་རྩྭ་སྐྱས་གླེང་དོན་མེད་དོ
མིག་ཆུས་བཟོས་པའི་སྙིང་དེ་དྭངས་པ
རྔུལ་ཆུས་སྦར་བའི་གཏམ་དག་ཚ་བ
ཡི་གེས་མ་བྲིས་གསེར་གྱི་རྒྱ་ཕིབས
ཐ་སྙད་མ་ཡིན་རྡོ་ཡི་རྩིག་པ
ཚིག་ལ་མ་ཆགས་ཆོས་ཀྱི་རྔ་སྒྲ
རྨི་ལམ་མཐོ་གང་སེམས་ཀྱིས་བཀྲུས་པས
ཤ་ཡི་མདོ་དང་ཚིལ་གྱི་སྔགས་ལ
སྙིང་རྗེའི་རྩ་མདུད་ལྷོད་ཀྱིས་གྲོལ་བྱུང
མཇལ་བ་མ་འཁེངས་རུས་པ་ཆག་བྱུང
མཇལ་བ་མ་བཞུས་ཁྲག་ནི་གདུས་བྱུང
སྨོན་ལམ་མ་གྲང་སྤྲིན་པ་དམར་སྨུག
དད་པ་མ་སྐམ་སྐར་མ་སིལ་སིལ
རང་མདོག་མ་འགྱུར་མུན་པ་ལྷོད་ལྷོད
དཀྱིལ་ཀྲུང་དབུས་ཀྱི་ང་ཡི་མཇལ་བ
རླུང་བུ་ལྷོད་པོའི་ཨ་ཅེར་མ་ཆགས
རི་ཐང་གཙང་པོའི་གཟེབ་ཀྱིས་མ་ཟིན
༢ མེ་ལྕེའི་གར།
འཁྱག་པའི་ལུས་པོ་སྨྱོས་པ་ཁྲག་གི་མདོག
སྐྲ་ལོའི་ཤ་རྒྱུས་མངོན་པ་མེ་ལྕེའི་བརྙན
རྒྱུ་སྐར་བྱེ་མར་ཐགས་པ་ཚ་བའི་གཏམ
ཆོས་ཀྱི་མེ་ཏོག་བཞད་པ་ལི་ཁྲིའི་གུར
ཨེ་མ་དབྱངས་ནི་སྒེག་མའི་ཉམས་ཀྱིས་ཐོན
ཨེ་མ་གར་ནི་དུས་ཀྱི་འགྲོས་ཀྱིས་འཁྱུག
ཕྱེ་ལེབ་དམར་པོའི་ཟོལ་གྱི་གཤོག་པ
འདས་པའི་ཡལ་གར་འཁྲི་བ་ལགས་སམ
ད་ལྟའི་ཟེའུ་འབྲུ་ལེན་པ་ཡིན་ནམ
མ་འོངས་དུས་ལ་འབོད་པ་ཨེ་ཡིན
ལོ་རྒྱུས་ལྗིད་པོར་བཙོག་པའི་གྲིབ་མ
ལག་པའི་ཚུལ་གྱིས་གཡོ་བ་འདྲ་བྱུང
ཐ་སྙད་རྩིག་པ་བཞུ་བའི་ཉམས་འདྲའི
ང་ཡི་སྙིང་ཁ་གཡོ་རུ་བཅུག་བྱུང
ཨ་ཅེའི་མཆུ་སྒྲོས་ངོ་ཚས་གཡོས་ཏེ
གསང་བའི་གཏམ་དག་ཁོལ་བ་འདྲ་ལ
ཨ་ཅེའི་མཁུར་ཚོས་དུངས་པས་དྲགས་ཏེ
ཁྲག་ལ་གཡོ་སྐྱོམ་ལན་བརྒྱ་བྱུང་འདྲ
ཨུག་ཆོས་དམར་པོས་དབྱར་ལ་འབོད་པའི
ཨེ་མ་དྲོད་ཀྱི་བསིང་ངད་འཐུལ་འདུག
ལུག་རུ་དཀར་པོའི་གདུང་བ་མངོན་པའི
དྭངས་པའི་མདངས་ལ་འཁྱག་ཞད་འདྲེས་འདུག
སེམས་ཀྱི་རྡུལ་དག་སྒྲོན་ཞིག་གར་མ
སྙིང་གི་འཁྱག་པ་བཞུས་ཤིག་གར་མ
བྲང་གི་མུན་པ་སེལ་རོགས་གར་མ
༣ ཡུལ་ལྗོངས།
མུན་པ་ལྐུགས་པས་གསང་ཉན་རྒྱག་ས
སྐར་མ་མགོ་རིལ་གཉིད་ལྕོག་རྒྱག་ས
མཇལ་བའི་ཟིན་བྲིས་རློན་གྱིས་མི་འཇིག
མཇལ་བའི་རྒྱུད་སྐུད་དུས་ཀྱིས་མི་ཆོད
སྐྱ་རེངས་སློག་པའི་གོང་ཁའི་ནང་ནས
སྒྲུང་གི་གངས་རིའི་མཆོད་བརྗོད་ཡག་པ
ཉི་ཟེར་ལག་པའི་ཕྱག་མཐིལ་དཀྱིལ་གྱི
སྤང་ལྗོངས་བྱུང་རིམ་ཡངས་ལ་མཚར་བ
དགོང་ཁའི་པང་གི་ལྷོད་ཡངས་ཁུགས་ཀྱི
མཇུག་འབྲས་མཚོ་མོའི་ཟབ་ཚད་ལྗིད་པ
འདི་ནས་ཕར་རྒྱབ་བསྐྱར་ཟློས་མ་ཡིན
སྒང་གཞུང་ཉིན་སྲིབ་དབྱངས་ཀྱི་གདངས་ལ
སྐྱིད་སྡུག་ཡག་བཙོག་འགྱུར་ཁུགས་འཁོར་བ
བོད་ཡུལ་རུམ་པའི་མཇལ་བ་འདི
ང་ཡི་སེམས་ཀྱི་གཟུགས་རིས་ཡིན་ནམ
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1