རང་ཁྱིམ་གྲུ་བཞི་དང་བདག་གི་སྙིང་ཉེ་བ་དག

བིས་མདོ་བ་ཆོས་སྐྱོང་། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


རང་ཁྱིམ་གྲུ་བཞི་དང་བདག་གི་སྙིང་ཉེ་བ་དག

                                             བིས་མདོ་བ་ཆོས་སྐྱོང་། (དཀར་མཛེས)

                       རང་ཁྱིམ་གྲུ་བཞི།
              རི་གྲོང་ཞེས་པའི་ཐ་སྙད་ཅིག
              ཚོད་ཚོད་ལ་ཚོར་བས་ཁེངས་དོན་ཡང
              མདོར་དེད་ན
              གྲུ་བཞི་སྒམ་ཆུང་ཞིག་དང་འདྲ་བ་དེའི་དོན་ཅི་ལ་མིན

              རང་ཁྱིམ་གྲུ་བཞི 
              བདག་གི་གཤོག་པ་འབྱར་སའི་བྲག་ཐེམ་སྐྱ་བོ
              དཔྱིད་གསུམ་གྱི་ལྗང་སྨྱུག་ཡིན་འདྲ
              དབྱར་གསུམ་གྱི་མེ་ཏོག་ཡིན་འདྲ
              སྟོན་གསུམ་གྱི་ལོ་ལེགས་ཡིན་འདྲ
              དགུན་གསུམ་གྱི་ཁ་བ་ཡིན་འདྲ
              ཅི་ཡང་ཡིན་ཡིན་སྙམ་པའི་ཁྱེད་རང
              བདག་གིས་རྨི་ལམ་ནས་བོས་མྱོང
              བདག་གིས་ས་མཐའ་ནས་དྲན་མྱོང

              བདག་གིས་ཁྱེད་རང་དྲན་ཞིང་ཁྱེད་རང་གླེང་དུས
              བདག་གི་བརྩེ་དུངས་བདག་གི་ཡིག་འབྲུ་ལ་འཐོར
              བདག་གི་དྲན་གདུང་བདག་གི་སྙན་ངག་ལ་འཐིམ

                   ཨ་ཕ།
བདག་གིས་ཡུན་རིང་ལ་བསམས་རྗེས
བདག་གིས་ཅི་ཞིག་བཤད་འདོད་ཀྱི་སྨྲ་སྒོ་འཇོང་འཇོང་བྱས་རུང
བདག་ནི་ཅི་ཡང་བཤད་རྒྱུ་མ་རྙེད་པར་ལུས་སོང

གཞན་ཚོས་ལྟག་སྒོ་ཟེར་དུས
གཞན་ཚོས་རྒྱབ་རི་ཟེར་དུས
བདག་གིས་ཁྱེད་རང་ཁོ་ན་དྲན་བྱུང

                   ཨ་མ།
ཚོར་བ་ཟེར་བ་ཞིག
ཡིག་འབྲུ་ལ་བཅོལ་ཏེ་སྙན་ངག་ཡིན་ཟེར་དུས
མིག་ཆུ་དང་ཁེར་རྐྱང་གིས
སུ་ཞིག་གི་སྒོ་གླེགས་ཐེངས་ག་ཚོད་ལ་བརྡུང་ངམ

ཚོད་ཚོད་ལ་མིག་ཆུ་བཞུར་དོན་ག་རེ
ཚོད་ཚོད་ལ་ཁེར་རྐྱང་ཡིན་དོན་ག་རེ
ད་ནི་བདག་གིས་ངལ་གསོ་ཐེངས་ཤིག་བྱས་ཏེ
ཁ་ངོ་འཛུམ་དམུལ་དམུལ་གྱི་མགོ་བོ
ཁྱེད་ཀྱི་པང་ལ་བསྙེས་ཤིང་བཞག་འདོད་ཨང

         ནུ་བོ་འཇིགས་མེད་སྦྱིན་པ།
ཞོགས་པ་ཞིག་དང་འདྲ་ལ
མཚན་མོ་ཞིག་ལ་ཡང་འདྲ་བའི་བདག་གི་འཇིག་རྟེན
ཁྱོད་ཀྱིས་རྟོགས་མིན་བདག་གིས་དོ་སྣང་བྱ་རྩིས་མིན

བདག་གི་འཇིག་རྟེན
དགོན་འདབས་ཀྱི་སྐོར་ལམ་བཞིན
གྱ་གྱུ་རུ་གནས་ཀྱང་རུང
བདག་གིས་ཁྱོད་རང་གཡེར་དྲིལ་བཞིན
ནམ་ཡང་སིང་སིང་དུ་གྲག་པར་སྨོན

འདི་ནི་ཁྱོད་ཀྱི་ལམ་ཡིན
ཁྱོད་ལ་ཁྱོད་ཀྱི་ལམ་དང
བདག་ལ་བདག་གི་ལམ་ཡོད་པས
བདག་ཁྱོད་ཀྱི་ཚབ་ཏུ་ནམ་ཡང་ང་རྒྱལ་སྐྱེས་ཆོག་ཆོག་གོ

    སྲིང་ཆུང་རྡོ་རྗེ་སྒྲོལ་མ།
བདག་གིས་རི་མོ་ཞིག་བྲི་འདོད
བདག་གིས་རི་མོ་དེ་མ་བྲིས་གོང་ལ
བདག་གིས་ཁྱོད་རང་དྲན་བྱུང
བདག་གིས
ཁྱོད་ཀྱིས་བྲི་འདོད་པའི་རི་མོ་དེ་ག་འདྲ་ཞིག་ཡིན་པ་དྲན་བྱུང

བདག་གིས་རི་མོ་དེར
ཤར་རིའི་རྩེ་ན་འཛུམ་པའི་ཉི་གཞོན་ཞིག་བྲི་འདོད
སྐྱུངས་པ་དང་འཛེམ་དོགས་ཅི་ཡང་མེད་པར

ང་རྒྱལ་གྱིས་འཛུམ་པའི་ཉི་གཞོན་ཞིག་བྲི་འདོད

བདག་གིས་རི་མོ་དེར་སྐྱ་ཐིག་ཕབ་དང་མ་ཕབ་ཀྱི་སྔ་གཞུག་ཏུ
བདག་གིས་རྟག་ཏུ་ཁྱོད་རང་དྲན
བདག་གིས་རི་མོ་དེ
ཁྱོད་རང་ལམ་ལ་སྐྱེལ་བའི་སྐྱེལ་མ་དང
སྔོན་ནས་བསུ་བའི་བསུ་མ་རུ་ཕུལ་འདོད

              འབྲུག་མོ་མཚོ།
ཡོད་ཚད་སྒོ་མོ་ཞིག་ལྟར་ཕྱེས་ཀྱང་ཆོག་ལ
ཡོད་ཚད་སྒོ་མོ་ཞིག་ལྟར་གཏན་ཡང་རུང
བདག་གི་ཨམ་གཙིགས་བསྡམས་པ་འདྲ་བའི་སེམས་ཁམས་དེ
བཞི་མདོ་གང་ནས་བསྐྱུར་ཞིང་དོར་དགོས་འདོད་མོད
བདག་ལ་འགྲེལ་བ་མེད་པའི་སྨྲེང་བ་ཞིག་སྐྱེས་ཐལ
བདག་ལ་མགྲིན་པ་ན་འགག་པའི་སྐད་ཆ་མང་ཐལ
བདག་ལ་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་མང་ཐལ

རི་རབ་དང་གཙང་པོ་བརྒལ་རྗེས
མིག་ཆུ་དང་སྐྱོ་གདུང་བསྐམས་རྗེས
ད་ནི་བདག་ལ་དཔང་བོ་མི་འདུག 
སེམས་ཟེར་བའི་གཉོམ་པོ་འདི་ལས
ད་ནི་བདག་ལ་དཔང་བོ་མི་འདུག 

                                                             2015.9.8


རྩོམ་ཡིག་སྔོན་མ།
ང་ཡི་བོད་པ། (སྙན་ཚོམ)
རྩོམ་ཡིག་རྗེས་མ།
མགུར་ནག་དགུ་བསྐོར་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1